༢༣ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༢༣ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༢༣ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-08-17ལྟ་ཀློག (5038)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

བཱ་ལུ་ཀཱའི་ཡུལ་(跋禄迦国)དུ་སླེབས་པ། 

    སློབ་དཔོན་རྨད་བྱུང་གཟི་བརྗིད་དང་བཅས་པ་གུ་ཅིའི་ཡུལ་ནས་ཐོན་ཏེ་མདུན་ཕྱོགས་སུ་ལེ་བར་དྲུག་བརྒྱ་ཙམ་སོང་བ་ན། བྱེ་ཐང་ཆུང་ཆུང་ཞིག་མཐོང་བ་དང་དེ་བརྟོལ་བས་བཱ་ལུ་ཀཱའི་ཡུལ་དུ་སླེབས། དེ་ཡང་བཱ་ལུ་ཀཱ་(跋禄迦ཞེས་པ་ལེགས་སྦྱར་གྱི་སྐད་ཅིག་ཟུར་ཆག་པ་ཡིན་པར་བཤད་ལ། ཡུལ་སྐད་དུ་བྱེ་མའི་དོན་ལ་འཇུག་པར་བཤད། སྔོན་ཆད་ཡུལ་འདི་བ་རྣམས་ནང་ཆོས་ལ་དད་པ་བྱེད་མཁན་ཤ་སྟག་ཡིན་ཞིང་། གཙུག་ལག་ཁང་བཅུ་ཕྲག་ལྷག་ཡོད་ལ་དགེ་འདུན་པ་ཡང་སྟོང་ཕྲག་ལྷག་བཞུགས་ཤིང་ཐམས་ཅད་ཀྱང་ཐེག་དམན་ལས་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་འཛིན་པ་ཤ་སྟག་ཡིན་པར་བཤད་དོ།། ཡུལ་འདི་དེང་སང་གི་ཨ་ཁུ་སུའུ་ (阿克苏ཟེར་བ་དེ་ཡིན་ལ། ཨ་ཁུ་སུའུ་ (阿克苏ཟེར་བ་ནི་ཆུ་དཀར་ (白水ཞེས་པའི་དོན་ཡིན་པར་བཤད།      

    སློབ་དཔོན་འཁོར་བཅས་ཡུལ་འདི་ནས་ཞག་གཅིག་ཙམ་མ་བཏོགས་མ་བཞུགས་པར་མུ་མཐུད་དུ་ནུབ་བྱང་ཕྱོགས་སུ་ལེ་བར་སུམ་བརྒྱ་སོང་བ་ན། བྱེ་ཐང་ཞིག་བརྒལ་དགོས་ཤིང་དེ་ནས་ལིན་ཧྲན་རི་བོའི་ (凌山རྩར་སླེབས། རི་བོ་འདི་ནི་དེང་སང་གི་ཞིན་ཅང་ཐེན་ཧྲན་རི་བོའི་ (天山山脉རི་བརྒྱུད་དུ་གཏོགས་ཤིང་། ཙོང་ལ་རི་བོའི་ (葱岭བྱང་སྣེའི་རི་བརྒྱུད་ཡིན་ལ། ཞིན་ཅང་ཡིས་ལིས་དང་ཝུའུ་ཧྲི་ (新疆乌什གཉིས་ཀྱི་མཚམས་ན་ཡོད་དོ།། ལིན་ (ཞེས་པ་ནི་འཁྱག་རོམ་གྱི་དོན་ལ་འཇུག་པས་རི་ཡོངས་རྫོགས་འཁྱག་རོམ་གྱིས་བསྡམས་ཤིང་དངུལ་ལྟར་དཀར་མདངས་བཀྲ་བ་ཞིག་གོ།   

    རི་བོ་འདི་ནི་ཤིན་ཏུ་མཐོ་ཞིང་གཟར་བ་རྩེ་མོ་སྤྲིན་རུམ་ལ་ཟུག་པ་ཞིག་སྟེ། གྲུ་གུའི་སྐད་དུ་རི་འདིའི་མིང་ལ་རྨུ་ཙི་ཨ་ཐི་ (木兹阿特ཟེར་ཞིང་། རྨུ་ཙི་འཁྱག་པ་དང་ཨ་ཙི་ལ་ཁའི་དོན་དུ་འཇུག་པར་བཤད་པའང་མཐོང་ལ། དེང་སང་འདིའི་མིང་གཞན་ལ་རི་བོ་ཐུ་མུར་ (托木尔峰ཟེར་ཞིང་མཐོ་ཚད་མཚོ་ངོས་ནས་སྨིད་༧༤༣༥ཡོད་པར་གྲགས་སོ།། རི་ངོས་ཁ་བ་དང་འཁྱག་རོམ་གྱིས་ཡོངས་སུ་གཡོགས་ཤིང་དུས་བཞིར་ཡང་མི་ཞི་བས་རྒྱང་ནས་བལྟས་ན་མིག་ལམ་དུ་དཀར་ལམ་ལམ་བྱེད་པ་ལས་རྩེ་མོ་དང་མཐའ་ཡང་མི་མངོན་པ་ཞིག་ཡིན་པར་བཤད་དོ།། རི་ངོས་ནས་མར་ཆད་པའི་འཁྱག་རོམ་སིལ་མ་རི་ཕྲན་འདྲ་བ་མང་བོས་འགྲོ་ལམ་གཅོད་ཅིང་། གལ་ཏེ་སྟབས་མ་ལེགས་པར་མིའི་ལུས་ལ་འཁེལ་ན་གསོད་པ་ལས་འོས་མེད་པས་ཤིན་ཏུ་བགྲོད་དཀའ་བར་མ་ཟད། ཁ་རླུང་བུ་ཡུག་དྲག་ཏུ་འཚུབ་པ་སོགས་ཀྱི་འཇིགས་པ་ནི་ཏུན་ཧོང་དང་ཡེས་ཝུའུ་བར་ན་ཡོད་པའི་བྱེ་ཀླུང་ཆེན་པོ་ཐར་དཀའ་བ་འཇིགས་སུ་རུང་བ། དྲན་པ་ཙམ་གྱིས་ཀྱང་ཡིད་འདར་བར་བྱེད་པ་དེ་ལས་ཅུང་ཟད་ཀྱང་མི་དམན་པ་ཞིག་གོ། 

    སློབ་དཔོན་འཁོར་བཅས་ལམ་དུ་ཆས་སྐབས་བཱ་ལུ་ཀཱའི་རྒན་པོ་བསམ་པ་དཀར་ཞིང་ལམ་འདི་ལ་ཆ་རྒྱུས་ཡོད་པ་ཞིག་གིས། ཁྱེད་ཚོ་འདི་ནས་སོང་ཚེ་འཁྱག་རོམ་གྱིས་ཀུན་ནས་གཡོགས་པའི་ལིན་ཧྲན་རི་བོ་ནི་ཅིས་ཀྱང་བརྒྱུད་དགོས་པས། གནས་དེར་འགྲོ་དུས་གོས་མདོག་ཁམ་དམར་མ་གྱོན། ལག་ཏུ་ཀ་བེད་མ་འཛིན། སྐད་ཤུགས་ཆེན་པོས་འུར་མ་རྒྱག གལ་ཏེ་འཛེམས་བྱ་དེ་དག་ལ་མ་འཛེམས་ན་ནི་ཀླུ་གདུག་པ་ཅན་དག་རབ་ཏུ་ཁྲོས་ཏེ་དར་དང་ཁ་བས་མནན་ནས་སྲོག་འཕྲོག་པར་བྱེད་པར་འགྱུར་བས་ཅིས་ཀྱང་མཉམ་འཇོག་བྱེད་འཚལ་ཞེས་བཤད་པས་དོགས་ཟོན་ཆེན་པོ་མཛད་བཞིན་རི་ལ་འགོས། དབྱར་ཁ་ཡིན་ཡང་གནས་འདི་ཧ་ཅང་གྲང་བས་སློབ་དཔོན་འཁོར་བཅས་ཀྱིས་གོས་ལྷམ་དྲོ་ཐག་ཆོད་རེ་གྱོན་ཡོད་མོད། འོན་ཀྱང་ད་དུང་གྲང་འདར་སིག་སིག་བྱེད། རི་ངོས་ཡོངས་ཁ་བ་དང་འཁྱག་རོམ་གྱིས་གཡོགས་པས་སྐམ་ས་ཞིག་གཏན་མི་རྙེད་པས་སྣམ་བུ་རེ་བཏིང་སྟེ་ངལ་གསོ་ཐབས་ཙམ་བྱེད་དགོས། གྲང་རེག་གི་སྟོབས་ཆེ་དྲག་པས་མེ་བུས་ཀྱང་ཟས་གཡོས་པ་སྨིན་མི་ཐུབ། དར་བརྐོས་ནས་ཆུ་བླངས་ཏེ་ཅུང་ཙམ་ཚ་བོར་གྱུར་བ་ན་དེས་ཁུར་བ་སྐམ་པོ་རེ་ལྟོ་བའི་ནང་མར་འདེད་ཐབས་བྱས་ནས་མདུན་དུ་བསྐྱོད་པས་ལིན་ཧྲན་རི་བོ་བརྒལ་བ་ན། ད་དུང་རི་ཞིག་མཐོང་བ་དེའི་མིང་ལ་སུའུ་ཡུས་ཁི་ (苏育克山口ཟེར་ལ། དེ་ཡང་འབད་པས་བརྒལ་བ་ན། ཉིན་བདུན་དང་ཞག་བདུན་སོང་འདུག་ལ། དེའི་ཚེ་ཉེན་ཚབས་ཆེ་བའི་གངས་རི་ལས་ཐར་བར་གྱུར་བ་ཡིན་མོད། འོན་ཀྱང་སྐྱེལ་མ་བྱེད་མཁན་གྱི་མི་བཅུ་ཆའི་གསུམ་བཞི་ཙམ་དང་། ཞབས་ཏོག་སྒྲུབ་མཁན་གྱི་དགེ་ཚུལ་བཞི་ལས་གཉིས་བཅས་གངས་ཁྲོད་དུ་གཅེས་སྲོག་ཤོར་འདུག      

    དེ་ནས་ཀྱང་ལེ་དབར་བཞི་བརྒྱ་ཙམ་སོང་བ་ན། ཁོར་ཡུག་ལ་ལེ་དབར་ཆིག་སྟོང་ཡོད་པ། ཤར་ནུབ་ཡངས་ཤིང་ལྷོ་བྱང་དོག་པའི་མཚོ་ཞིག་གི་འགྲམ་དུ་སླེབས། ཡུལ་དེ་བ་རྣམས་ཀྱིས་དེའི་མིང་ལ་ཡེས་སི་ཁུལ་མཚོ (伊斯库尔湖Issik-kul) ཟེར་ལ། དེའི་དོན་ནི་རེ་ཧེ་སྟེ་མཚོ་དྲོན་མོ་ (热海ཞེས་པ་རེད། དེའི་ནང་ལ་ལན་ཚྭ་ཡོད་པས་དར་མི་ཆགས་པས་མིང་དེ་ལྟར་བཏགས་པ་ཙམ་ལས་མཚོ་ཆུ་ནི་གྲང་མོ་ཡིན་པར་འདུག་གོ། མིང་གཞན་ལ་མཚོ་དྭངས་མོ་ (清池ཡང་ཟེར་ལ། དེང་སང་གི་ཅིས་ཨིར་ཅིས་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ (吉尔吉斯斯坦共和国ཀྱི་བྱང་ཤར་ཕྱོགས་དང་། ཐེན་ཧྲན་རི་རྒྱུད་ཀྱི་ནུབ་ཕྱོགས་ན་ཡོད་ཅིང་། ཆུ་ཕྲན་མང་བོ་གཅིག་ཏུ་སྦྲེལ་བའི་གནས་ཡིན་པས་ཁ་དོག་སྔོ་ནག་དང་། མཚོ་གདུག་པ་ཅན་ཞིག་ཡིན་པར་ཡང་བཤད་པས་མཚོ་དྭངས་མོ་ཞེས་ཅིའི་ཕྱིར་བཏགས་པ་མ་ཤེས། འདིར་ད་དུང་བཤད་རྒྱུ་ཞིག་ལ། འགའ་ཞིག་གིས་མཚོ་འདིའི་ལྷོ་ཟུར་གྱི་རི་མ་ཐང་ཞིག་ན་བོད་ཡིག་གི་མ་ཎི་ཡིག་དྲུག་བརྐོས་ཡོད་པའི་རྡོ་ཞིག་རྙེད་འདུག་ཅིང་། རྡོ་དེ་ནི་གནས་དེའི་རྡོ་ཆེས་ཆེ་བ་རེད་ཟེར། ཆེད་ལས་ཞིབ་འཇུག་པ་ཚོས་མ་ཎི་ཡིག་དྲུག་དེ་ནི་དུས་རབས་བཅུ་བཞི་བ་ཡས་མས་ཙམ་ལ་བརྐོས་པ་རེད་ཅེས་བཤད་འདུག སྔོན་གྱི་ལོ་རྒྱུས་དག་ལ་བལྟས་ན། དུས་རབས་དགུ་བའི་རྗེས་ཙམ་ནས་ཡུལ་འདིར་གསང་སྔགས་ཀྱི་བསྟན་པ་དར་མྱོང་བར་མ་ཟད། ཞིན་ཅང་ཐེན་ཧྲན་རི་བོའི་ནུབ་བརྒྱུད་ནས་བོད་མདོ་དབུས་མཐོ་སྒང་གཉིས་བར་གྱི་བསམ་བློའི་འབྲེལ་ཐག་ཆེས་སྟོབས་ཤུགས་ཆེ་བ་ཞིག་ཏུའང་གྱུར་མྱོང་མོད། འོན་ཀྱང་དེ་དུས་ནི་ནང་ཆོས་ཀྱི་དགོན་སྡེ་སངས་རྒྱས་ཀྱི་སྐུ་བརྙན་སོགས་ནི་ཡུལ་དེར་ཡོངས་སུ་བསྣུབས་ཟིན་པའི་སྐབས་རེད། ཡིན་ནའང་མི་མེད་དབེན་པའི་གནས་དེ་ལྟ་བུ་ན་ད་དུང་སྔར་ཡུལ་དེར་ནང་ཆོས་དར་མྱོང་བའི་བདེན་དཔང་རེ་ཤུལ་དུ་ལུས་ཡོད་པ་འདྲའོ།། ས་ཆ་འདི་དག་སྔོན་ཐང་རྒྱལ་རབས་ཀྱི་སྐབས་སུ་མ་ཧཱ་ཙི་ནའི་མངའ་ཁོངས་སུ་གྱུར་བ་ནས་བཟུང་སྟེ་སྤྱི་ལོ་༡༨༦༤བར་དུ་ཀྲུང་གོའི་མངའ་འོག་ཡིན་ཡང་། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དེ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ནས་བུད་དེ་ད་ལྟ་ཨུ་རུ་སིའི་མངའ་འོག་པར་གྱུར་ཡོད། 

    མཚོ་འདི་རྦ་རླབས་ཆལ་ཆིལ་དུ་གཡོ་ཞིང་ཉ་སྲིན་གདུག་པ་ཅན་མང་བོ་གནས་ས་ཞིག་ཡིན་པར་མ་ཟད། སྐབས་འགར་འདྲེ་སྲིན་ཡང་རྒྱུ་བར་བཤད་པས་སློབ་དཔོན་འཁོར་བཅས་ཐད་ཀར་བརྒལ་བའི་ཐབས་མེད་པས་བསྐོར་ནས་མི་འགྲོ་ག་མེད་རེད། མཚོ་དེའི་ནུབ་ཕྱོགས་སུ་ལེ་དབར་ལྔ་བརྒྱ་ཙམ་བསྐོར་ནས་སོང་བ་ན། སུས་ཡེ་ཧྲུས་མཁར་ (碎叶水城ཞེས་པའི་ཡུལ་དུ་སླེབས། འདིའི་མིང་ལ་རྒྱ་ཡིག་གི་སུས་ཡེ་མཁར་ (碎叶城དང་། སུའུ་ཡེ་མཁར་ (素叶城དང་། སུའུ་ཡེ་ཧྲུས་མཁར་ (素叶水城སོགས་དུ་མ་ཞིག་བྲིས་སྣང་མོད། འོན་ཀྱང་དེ་དག་ཐམས་ཅད་སུའུ་ཡེ་ཧྲུས་མཁར་ཞེས་པའི་སྒྲ་ཟུར་ཆག་པ་ལས་བྱུང་བར་མངོན་ལ། མཁར་གྲོང་འདི་སུའུ་ཡེ་ཆུའི་ (素叶水འགྲམ་རྒྱུད་དུ་ཆགས་ཡོད་པས་ཆུ་དེའི་མིང་མཁར་གྲོང་ལ་ཐོགས་པར་མངོན་པས། བོད་སྐད་དུ་བསྒྱུར་ན་སུའུ་ཡེ་ཆུ་འགྲམ་མཁར་ཞེས་པ་ཡིན་ནམ་སྙམ། སུའུ་ཡེ་ཆུ་ནི་ཁྲུའུ་ཀླུང་ (楚河གི་མིང་གཞན་ཞིག་ཡིན། ཡུལ་འདི་ཡང་ད་ལྟའི་ཅིས་ཨིར་ཅིས་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུའོ་ཁེ་མ་ཁེ་གྲོང་གི་ (吉尔吉斯斯坦托克马克城ལྷོ་ནུབ་ཀྱི་སྤྱི་ལེ་བརྒྱད་ཙམ་ན་ཨ་ཁེ་པེ་ཤིམ་ (阿克-贝希姆Ak-Beshim) ཞེས་པའི་ས་ཆར་ཡོད། སློབ་དཔོན་ཡུལ་འདིར་ཕེབས་དུས་ནུབ་ཀྱི་གྲུ་གུའི་མངའ་ཁོངས་ཡིན་ལ། རྗེས་སུ་ཐང་ཆེན་མོའི་མངའ་འོག་ཏུ་བསྡུས་པར་མ་ཟད། གུ་ཅི་ (龟兹་སྟེ་དེང་སང་གི་ཞིན་ཅང་ཁཱུ་ཁྲེ་དང་། ཧྲུའུ་ལི་ (疏勒སྟེ་དེང་སང་གི་ཁཱ་ཧྲི་དང་། ཨགྣི་ (焉耆སྟེ་དེང་སང་གི་ཧི་ཐེན་ (和田དང་བཞི་ལ་ཨན་ཞིས་སི་ཀྲིན་ (安西四镇སྟེ་ནུབ་བདེ་གྲོང་བརྡལ་བཞི་ཟེར་ཞིང་། ཐང་རྒྱལ་ཁབ་ཀྱི་ཆེས་ནུབ་མཐའི་གྲོང་བརྡལ་ཞིག་ཡིན་ལ། དར་གོས་འདྲེན་ལམ་གྱི་མཁར་གྲོང་གལ་ཆེན་ཞིག་ཡིན་པར་བཤད་དོ།། རྒྱའི་ཉེ་རབས་ཀྱི་མཁས་པ་ཆེན་པོ་གུའོ་མུའོ་རོའོ་ (郭沫若ཡིས་ཞིབ་དཔྱོད་བྱས་པ་ལྟར་ན་ཐང་གུར་གྱི་སྙན་ངག་པ་གྲགས་ཅན་ལི་པེ་ (李白ནི་ཡུལ་འདིའི་ཚོང་བ་ཕྱུག་པོ་ཞིག་གི་ཁྱིམ་དུ་སྐྱེས་པ་ཡིན་པར་འདོད་མོད། འོན་ཀྱང་དེའི་སྐོར་ལ་ད་དུང་བཤད་ཚུལ་མི་མཐུན་པ་གཞན་ཡང་ཡོད་དོ།།  

    ཅིས་ཨིར་ཅིས་སི་ (吉尔吉斯ཞེས་པ་ནི་བུ་མོ་བཞི་བཅུའམ་ཚོ་བ་བཞི་བཅུ་ཞེས་པའི་དོན་ཡིན་པར་བཤད་པའང་མཐོང་མོད། དེ་ལྟར་བཏགས་པའི་རྒྱུ་མཚན་ཅི་ཡིན་མ་ཤེས། མི་རིགས་འདིའི་མེས་པོ་ནི་ལྷོ་ཞི་པོ་ལི་ཡའི་ཡེ་ཉེ་སེ (叶尼塞河ཆུ་བོའི་འགྲམ་བརྒྱུད་ནས་འོངས་པ་ཡིན་པར་བཤད། སྤྱི་ལོ་༡༩༤༠ལོ་ནས་༡༩༤༦ལོའི་བར་ཙམ་ལ། སྔོན་གྱི་སུའུ་ལེན་གནའ་རྫས་རྟོག་ཞིབ་མཁན་ཚོས་ཡེ་ཉེ་སེ་ཆུ་བོའི་སྟོད་བརྒྱུད་ནས་ཅིས་ཨིར་ཅིས་སི་བའི་མེས་པོ་རྣམས་ཀྱི་རྡོ་བརྐོས་རི་མོ་དང་རྡོ་སྐུ་འགའ་རྙེད་པར་མ་ཟད། ཨ་པ་ཀན་ (阿巴干)ཞེས་པའི་ས་ཆའི་ཉེ་འགྲམ་གྱི་ས་འོག་ནས་རྒྱ་ལུགས་ཕོ་བྲང་ཞིག་གི་གནའ་ཤུལ་སྔོག་འདོན་བྱས་ཤིང་སྟེང་ན་རྒྱ་ཡིག་ཡོད་པའི་སོ་ཕག་ཀྱང་རྙེད། ཞིབ་འཇུག་པ་འགའ་ཞིག་གིས་དེ་ནི་སྔོན་རྒྱའི་ཧན་གུར་གྱི་དུས་སུ་དམག་དཔོན་གྲགས་ཅན་ལིས་ལིན་ (李陵ཟེར་བ་ཧོར་བས་ཕམ་པར་བྱས་ཤིང་ཡེ་ཉེ་སེ་ཆུ་བོའི་སྟོད་དུ་ཁྲིད་དེ་སྡོད་དུ་བཅུག་པའི་ལོ་རྒྱུས་ཡོད་པས་དེ་ཉིད་ཀྱི་ཕོ་བྲང་རེད་ཟེར་ལ། དེ་མ་རེད་ཟེར་མཁན་ཡང་འདུག་པས་ཡིན་མིན་ཞིབ་འཇུག་བྱེད་རྒྱུའི་སྐལ་ལོ་རྒྱུས་པ་ཚོར་འཇོག་པར་བྱའོ།།  

    སློབ་དཔོན་རྨད་བྱུང་གཟི་བརྗིད་ཡུལ་འདིའི་མངའ་ཁོངས་སུ་སླེབས་སྐབས་གྲུ་གུའི་རྒྱལ་བོས་རི་དྭགས་རྔོན་པ་དང་འཕྲད། ཀོ་ཁྲང་གི་རྒྱལ་བོའི་ཕྱག་ཡིག་དང་སྐྱེས་བསྐུར་ཡོད་པ་སོགས་བསྟན་པས་དགའ་ཞིང་གུས་པས་ཕོ་བྲང་དུ་སྤྱན་དྲངས། བསྙེན་བཀུར་ཡ་མཚན་པ་བྱས། སློབ་དཔོན་གྱིས་ཀྱང་རྒྱལ་བློན་འཁོར་བཅས་ལ་བསླབ་གཞི་ལྔ་དང་དགེ་བ་བཅུས་མཚོན་ཆོས་བསྟན་པས་རྒྱལ་བོ་ཤིན་ཏུ་དད་ཅིང་ཕྱག་བཙལ། ཡུལ་འདིར་ཉིན་དུ་མར་བཞུགས་ནས་ཕེབས་རན་པ་ན། རྒྱལ་བོས་ཐབས་སྣ་ཚོགས་ཀྱིས་བཀག་འགོག་བྱས་མོད། ཐབས་མཁས་ཀྱིས་ཅིས་ཀྱང་འགྲོ་དགོས་ཚུལ་ཞུས་པས་ཕེབས་སུ་གནང་བར་མ་ཟད། ལམ་གྲོན་ཡང་གྱ་ནོམ་པ་ཕུལ་ཞིང་རྒྱ་སྐད་ལ་བྱང་ཆུབ་པའི་ལོ་ཙཱ་བ་ན་གཞོན་ཞིག་ཆེད་དུ་མངགས་ཏེ་མཐའ་མཚམས་བར་དུ་སྐྱེལ་མ་བྱེད་དུ་བཅུག ཀོ་ཁྲང་ནས་མངགས་པའི་ཕོ་ཉ་ཡང་ཡུལ་འདི་ནས་ཕྱིར་ལོག འོན་ཀྱང་ཀོ་ཁྲང་ནས་སློབ་དཔོན་གྱི་ཕྱག་ཕྱིར་འབྲངས་ཏེ་འོངས་པའི་དགེ་ཚུལ་བཞི་ཡོད་པ་ལས་གཉིས་གངས་ཁྲོད་ནས་འདས་སོང་ལ། མ་འདས་པར་འོངས་པའི་དགེ་ཚུལ་གཉིས་ཡོད་པ་མུ་མཐུད་དུ་སློབ་དཔོན་གྱི་རྗེས་སུ་འབྲངས་ཏེ་སོང་ངོ་།།

    སློབ་དཔོན་འཁོར་བཅས་གྲུ་གུ་དང་གྱེས་ཏེ་ནུབ་ཀྱི་ཕྱོགས་སུ་ལེ་དབར་བཞི་བརྒྱ་ལྷག་སོང་བ་ན། ཆུ་མིག་སྟོང་ (千泉ཞེས་པའི་ས་ཆར་སླེབས། འདི་ནི་དེང་སང་ཨུ་རུ་སིའི་ཧྥུ་ལུང་ཀྲིའི་ (伏龙芝ནུབ་ཀྱི་སྤྱི་ལེ་བརྒྱ་ཙམ་གྱི་སར་ཡོད། ཡུལ་འདིར་ཆུ་མིག་སྟོང་ཕྲག་ཡོད་པས་མིང་དེ་ལྟར་ཐོགས་པ་ཡིན་འདུག་ལ། ཆུ་སྣ་འཛོམས་པས་ས་རྒྱུས་གཤིན་ལ་ནགས་ཚལ་ཡང་སྟུག་ལ་མེ་ཏོག་ཀྱང་སྣ་ཚོགས་བཞད་ཅིང་སྐྱིད་ལ་བསིལ་བས་གྲུ་གུའི་རྒྱལ་བོ་དབྱར་དུས་སུ་གནས་འདིར་ཚ་གཡོལ་བྱེད་དུ་འོངས། འདི་ན་རི་དྭགས་ཤྭ་བ་ཧ་ཅང་མང་ཡང་གལ་ཏེ་སུ་ཞིག་གིས་བསད་ན་གསོད་པ་བོ་དེ་ལ་སྲོག་ཁྲིམས་གཅོད་རྒྱུ་ཡིན་པར་རྒྱལ་བོས་བཀའ་ཕབ་པས་གསོད་མཁན་མེད་པས་མི་དང་འབྲེལ་འདྲིས་ཧ་ཅང་ཆེ།  

    ཆུ་མིག་སྟོང་ཞེས་པའི་ས་ནས་ད་དུང་མུ་མཐུད་དུ་ནུབ་ཕྱོགས་སུ་ལེ་དབར་བརྒྱ་དང་ལྔ་བཅུ་ཙམ་སོང་བ་ན་ཏ་ལ་སའི་གྲོང་དུ་སླེབས། འདིའི་ཤུལ་ནི་དེང་སང་གི་ཧ་ས་ཁེ་སི་ཐན་གྱི་ཅང་པོ་ཨར་ (哈萨克斯坦江布尔གྲོང་གི་ཉེ་འདབས་ན་ཡོད། ཏ་ལ་ས་ནི་ལོ་རྒྱུས་རྣམས་སུ་དར་གོས་འདྲེན་ལམ་གྱི་ཉོ་ཚོང་གི་ལྟེ་གནས་ཤིག་ཡིན་པར་བཤད་ལ། སློབ་དཔོན་རྨད་བྱུང་གཟི་བརྗིད་འདིར་ཕེབས་དུས་ཀྱང་རྒྱལ་ཁབ་མང་བོའི་ཚོང་བ་མཐོང་རྒྱུ་ཡོད་པར་བཤད། 

    དེ་ནས་ལྷོ་ནུབ་ཕྱོགས་སུ་ལེ་དབར་གཉིས་བརྒྱ་ཙམ་སོང་བ་ན་པེ་ཧྲུས་ཁྲིན་ (白水城སྟེ་ཆུ་དཀར་གྲོང་ཁྱེར་དུ་སླེབས། འདི་ནི་དེང་གི་ཧྲ་ལན་ (沙兰ཞེས་པ་དེ་ཡིན་འདུག་ལ། ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་ (元史སུ་སའེ་ལན་གྲོང་ (赛兰城ཞེས་པ་དེ་ཡིན་པར་བཤད། གལ་ཏེ་དེ་ཡིན་ན་དེའི་གནའ་ཤུལ་ནི་ད་ལྟའི་བུ་ཙི་པེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ (乌兹别克斯坦共和国ཀྱི་རྒྱལ་ས་ཐཱ་ཞི་ཀན་ (塔什干གྱི་བྱང་ཤར་ཕྱོགས་དང་། དེའི་ནུབ་ཧ་ས་ཁེ་སི་ཐན་སྤྱི་མཐུན་རྒྱལ་ཁབ(哈萨克斯坦共和国)་ཀྱི་ལྷོ་མཐའི་གྲོང་ཁྱེར་ཆིས་མུ་ཁིན་ཐི (奇姆肯特དང་ལེ་དབར་བཅོ་ལྔ་ཙམ་མ་གཏོགས་མེད་པར་བཤད་དོ།།

    དེ་ནས་ཀྱང་ལྷོ་ནུབ་ཕྱོགས་སུ་ལེ་དབར་གཉིས་བརྒྱ་ཙམ་སོང་བ་ན་ཀཱུ་ཡུའི་གྲོང་ (恭御城ཞེས་བྱ་བ་དེང་སང་གི་ཐུ་ཨིར་ཆི་སི་ཐན་གྱི་མངའ་ཁོངས་སུ་གཏོགས་པ་དེར་སླེབས། ས་མིང་འདི་ནི་གྲུ་གུའི་སྐད་དེ་ཁྲོན་པའམ་ཆུ་མིག་ཅེས་པའི་དོན་ཡིན་པར་བཤད་དོ།། དེ་ནས་ལྷོ་ཕྱོགས་སུ་ལེ་དབར་ལྔ་བཅུ་སོང་བ་ན་ནུ་ཛི་ཀ་ཐའི་ (笯赤建国ཡུལ་ཏེ་དེང་སང་གི་ཆིས་མུ་ཁིན་ཐི་ (奇姆肯特དང་། དེ་ནས་ནུབ་ཕྱོགས་སུ་ལེ་དབར་གཉིས་བརྒྱ་སོང་བ་ན་ཊེ་ཧྲི་ (赭时国ཞེས་བྱ་བའི་ཡུལ་དུ་སླེབས། འདིའི་གནའ་ཤུལ་ད་ལྟའི་བུའུ་ཙི་པེ་ཁི་སི་ཐན་གྱི་ཆིར་ཆི་ཀི་ཆུ་བོའི་ (奇尔奇克河འགྲམ་བརྒྱུད་དུ་ཡོད་པར་བཤད། དེ་ནས་ནུབ་ཕྱོགས་སུ་ལེ་དབར་ཆིག་སྟོང་སོང་བ་ན་སུ་ཏྲ་སྣའི་ཡུལ་(窣堵利瑟那国)དུ་སླེབས། ཡུལ་འདིའི་ཤར་མཐའ་ཡེ་ཧི་ (叶河སྟེ་ད་ལྟའི་ཞི་ཨེར་ཆུ་བོའི་ (锡尔河འགྲམ་དུ་སླེབས་ཤིང་། ཆུ་བོ་འདི་ནི་ཙོང་ལ་རི་བོའི་བྱང་ཕྱོགས་ནས་ཐོན་ཏེ་ནུབ་བྱང་རྒྱུད་དུ་བཞུར་ཏེ་ཧ་ས་ཁེ་སི་ཐན་དང་བུའུ་ཙི་པེ་ཁི་སི་ཐན་གཉིས་ཀྱི་བར་ན་ཡོད་པའི་ཤན་ཧེ་ (咸海སྟེ་ཚྭ་མཚོའི་ནང་དུ་འདྲེས་སོ།།    

    དེ་ནས་ནུབ་བྱང་ཕྱོགས་སུ་བསྐྱོད་པས་བྱེ་ཐང་ཆེན་པོ་རྩྭ་རྐང་ཐུར་གཅིག་ཀྱང་མི་སྐྱེ་ས། ཆུ་ཐིགས་པ་གཅིག་ཀྱང་མི་རྙེད་ས། ཤི་བོའི་ཀེང་རུས་ལ་བརྟེན་ནས་བགྲོད་ལམ་འཚོལ་བ་ལས་ཤུལ་ལམ་མི་རྙེད་ས་ཞིག་ཏུ་ལེ་དབར་ལྔ་བརྒྱ་ཙམ་སོང་བ་ན་སཱ་མ་ག་མ་ (飒秣建国ཞེས་པའི་ཡུལ་དུ་སླེབས། འདིའི་གནའ་ཤུལ་ནི་དེང་སང་གི་བུའུ་ཙི་པེ་ཁི་སི་ཐན་གྱི་གྲོང་ཁྱེར་ས་མར་ཧན་ (撒马尔罕གྱི་བྱང་ཕྱོགས་ལེ་དབར་བདུན་ཙམ་གྱི་ས་སྒང་ཞིག་ཏུ་ཡོད་པར་བཤད།   

    སློབ་དཔོན་རྨད་བྱུང་གཟི་བརྗིད་དམ་ཐང་སན་བླ་མ་རྒྱ་གར་དུ་ཕེབས་པའི་སྐབས་དེ་ནི་ཀྲུང་ཡ་ (中亚སྟེ་ཨེ་ཤ་ཡ་དབུས་མའི་བརྒྱུད་འདིར་དབྱི་སི་ལམ་ཆོས་ལུགས་ཀྱིས་དཔུང་འཇུག་བྱས་ཏེ་ནང་ཆོས་ཀྱི་དགོན་སྡེ་སོགས་ལ་གཏོར་བཤིག་ཐེབས་པའི་དུས་ལ་འཁེལ་བས་ཡུལ་དེ་དག་ཏུ་ནང་ཆོས་ལ་དད་པ་བྱེད་མཁན་དཀོན་མོད། སྔོན་དུས་སུ་ནང་ཆོས་དར་མྱོང་བ་ཡིན་ཏེ། གནའ་རྫས་རྟོག་ཞིབ་མཁན་ཚོས་ཡུལ་དེའི་ས་འོག་ནས་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་མང་བོ་རྙེད་འདུག་ལ། བུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་ཁབ་ལོ་རྒྱུས་འགྲེམ་སྟོན་ཁང་དུ་ཐེ་ཨིར་མིས་ཙིའི་ (铁尔梅兹ས་འོག་ནས་སྔོག་འདོན་བྱས་པའི་སྟོན་པ་གཙོ་འཁོར་གསུམ་པའི་སྐུ་བརྙན་སོགས་མཐོང་རྒྱུ་ཡོད་པས་ཀྱང་ཤེས་ནུས་པས་སོ།། སློབ་དཔོན་ཕེབས་དུས་ཡུལ་འདི་དག་གི་མི་རྣམས་ཀྱི་གཤིས་རྒྱུད་ཅུང་རྒོད་ཅིང་གདུག་རྩུབ་ཆེ་བར་གསུངས་ཡོད་པས་དེའང་རང་རྒྱུད་འཇམ་ལ་ཕབ་བྱེད་ཀྱི་ཐབས་ལམ་མཆོག་ཏུ་གྱུར་བའི་ནང་ཆོས་ཉམས་སོང་བས་ཡིན་ནམ་སྙམ་མོ།།

    སཱ་མ་ག་མའི་རྒྱལ་བོ་ཡང་ནང་ཆོས་ལ་མི་དད་པས་སློབ་དཔོན་དེར་ཕེབས་པ་ལ་སྙིང་ནས་དགའ་བསུ་མེད་ཀྱང་། གཞན་གྱི་ངོ་འཛིན་ཙམ་གྱི་ཆེད་དུ་སྣེ་ལེན་ཞིག་བྱས་པ་ཙམ་མོ།། སྐབས་དེར་ཡུལ་འདིའི་རྒྱལ་བློན་འབངས་འཁོར་དང་བཅས་པ་རྣམས་མེ་ལ་མཆོད་པའི་ཆོས་ལུགས་ཤིག་ལ་དད་པ་བྱེད་པ་ལས་ནང་ཆོས་ལ་དད་པ་བྱེད་མཁན་མེད་པས། ནང་བའི་དགོན་སྡེ་གཉིས་ཙམ་ལུས་ཡོད་ཀྱང་དགེ་འདུན་པ་གཅིག་ཀྱང་མེད་ལ། གལ་ཏེ་གཞན་ནས་འོངས་པའི་གྲྭ་བཙུན་རེ་དགོན་པ་དེར་སླེབས་ཏེ་ཞག་སྡོད་བྱེད་རྩིས་ཡོད་པ་མཐོང་ན་ཡུལ་དེའི་མི་རྣམས་ཀྱི་མེ་བཟུང་སྟེ་སྐྲོད་པར་བྱེད་ཅིང་སྡོད་དུ་མི་སྟེར་རོ།།  

    ཡིན་ནའང་སློབ་དཔོན་ནི་བྱང་ཆུབ་སེམས་དཔའ་ཡིན་པར་མ་ཟད། ཐུན་མོང་བའི་སྣང་ངོར་ཡང་འཆད་རྩོད་རྩོམ་གསུམ་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པས། ཞག་གཅིག་ཙམ་སོང་བ་ན་རྒྱལ་བོ་དང་གླེང་མོལ་མཛད་ཅིང་རིམ་གྱིས་མངོན་མཐོ་ལྷ་མིའི་རྒྱུ་འབྲས་ཀྱི་སྐོར་དང་དཀོན་མཆོག་གསུམ་མཆོད་ཅིང་བཀུར་བའི་བསོད་ནམས་ཇི་འདྲ་ཐོབ་ཚུལ་གྱི་གནས་ལུགས་གོ་སླ་བའི་ངག་གིས་ལེགས་པར་གསུངས་པས་རྒྱལ་བོ་ཤིན་ཏུ་དགའ་སྟེ་ངོ་འཛིན་ཙམ་གྱི་སྣེ་ལེན་དེ་ནི་སེམས་གཏིང་གི་བསྙེན་བཀུར་དུ་གྱུར་ཏེ་གསོལ་སྟོན་སོགས་རྒྱས་པར་བྱས་སོ།།

    འོན་ཀྱང་སློབ་དཔོན་གྱི་ཞབས་འབྲངས་དགེ་ཚུལ་གཉིས་ཀྱིས་ཡུལ་དེའི་གནས་ཚུལ་མ་ཤེས་པར་དགོན་པའི་ནང་དུ་སོང་སྟེ་མཇལ་བ་ན་ཡུལ་དེའི་མི་འགའ་ཞིག་གིས་མེ་བཟུང་སྟེ་འོངས་ནས་བསྐྲད་པར་གྱུར་ཏོ།། དེ་གཉིས་སླར་ཕོ་བྲང་དུ་བྲོས་ཏེ་འོངས་ནས་ཇི་ལྟར་བྱུང་བ་རྣམས་རྒྱལ་བོ་ལ་བསྙད་པས་རྒྱལ་བོ་རབ་ཏུ་ཁྲོས་ཏེ་དོན་རྐྱེན་སློང་མཁན་གྱི་མི་དེ་དག་འཛིན་དུ་བཅུག་ནས་ལག་པ་གཅོད་པར་བརྩམས་པ་ན། སློབ་དཔོན་གྱིས་ངོ་ཆེན་ཞུས་པས་ལག་པ་གཅོད་པའི་ཆད་པ་ལས་ཐར་ཀྱང་ལྕག་གིས་ལན་འགའ་གཞུས་ནས་གྲོང་ཁྱེར་དེར་སྡོད་མི་ཆོག་པའི་བཀའ་བསྒྲགས་ཏེ་གཞན་དུ་བསྐྲད་དོ།། དེ་ནས་བཟུང་ཡུལ་དེའི་མཐོ་བ་རྒྱལ་བོ་ནས་བཟུང་སྟེ་དམའ་བ་འབངས་མི་སྤྱིར་བཏང་བའི་བར་གྱི་མི་མང་བོས་སློབ་དཔོན་ལ་གུས་པ་ཆེན་པོ་བྱེད་པར་མ་ཟད། སློབ་དཔོན་གྱི་དྲུང་དུ་འོངས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མཁན་ཡང་མང་བོ་བྱུང་ངོ་།། སློབ་དཔོན་གྱིས་ཀྱང་ཡུལ་དེའི་མི་རྣམས་ལ་ཡང་དག་པའི་ཆོས་མང་དུ་གསུངས་ཤིང་། མི་མང་བོ་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཕྱིན་ཅི་ལོག་གི་གཡང་ས་ལས་བསྐྱབས་ཏེ་ཡང་དག་པའི་ལམ་ལ་བཀོད་དོ།། གོམས་གཤིས་ངན་པ་རྣམས་ཀྱང་རིམ་གྱིས་བསྒྱུར་འགོ་བརྩམས་པ་སོགས་འགྲོ་ཞོར་འདུག་ཞོར་ལའང་བསྟན་འགྲོའི་དོན་རླབས་པོ་ཆེ་ངོ་མཚར་བ་མང་དུ་མཛད་དོ།།    

    སློབ་དཔོན་སཱ་མ་ག་མའི་ཡུལ་དང་གྱེས་ཏེ་ནུབ་ཕྱོགས་སུ་མུ་མཐུད་དུ་ལེ་དབར་སུམ་བརྒྱ་ཙམ་སོང་བ་ན་ཀུ་ཥཱ་ནི་ཀ་ (屈霜尼迦国ཞེས་པའི་ཡུལ་དུ་སླེབས། འགའ་ཞིག་གིས་ཡུལ་འདིའི་གནའ་ཤུལ་ནི་དེང་སང་གི་བུའུ་ཙི་པེ་ཁི་སི་ཐན་གྱི་གྲོང་ཁྱེར་ནཱ་འོ་དབྱི་ (纳沃伊ཞེས་པའི་ཁུལ་དུ་ཡོད་པར་བཤད་ལ། ལ་ལས་ས་མར་ཧན་གྱི་ནུབ་བྱང་གི་སྤྱི་ལེ་བརྒྱ་ཙམ་གྱི་ས་ཕྱོགས་ཤིག་ན་ཡོད་པར་བཤད་དོ།། དེ་ནས་ནུབ་ཕྱོགས་སུ་ལེ་དབར་གཉིས་བརྒྱ་སོང་བ་ན་ཧེ་ཧན་(喝捍国)ནམ་ཏུང་ཨན་ཡུལ་ (东安国དུ་སླེབས། འདིའི་ཡུལ་སྲོལ་གོམས་གཤིས་སོགས་ནི་སཱ་མ་ག་མའི་ཡུལ་དང་འདྲ་བར་བཤད་དོ།། དེ་ནས་ཀྱང་ནུབ་ཕྱོགས་སུ་ལེ་དབར་བཞི་བརྒྱ་ལྷག་སོང་བ་ན་བུ་ཁཱ་རཱའི་ཡུལ་ (捕喝国དུ་སླེབས་ཤིང་། འདིའི་ཡུལ་སྲོལ་གོམས་གཤིས་སོགས་ཀྱང་ཕལ་ཆེར་སཱ་མ་ག་མའི་ཡུལ་དང་འདྲ་བར་བཤད་ལ། ཡུལ་འདིའི་གནའ་ཤུལ་ནི་དེང་སང་གི་བུའུ་ཙི་པེ་ཁི་སི་ཐན་གྱི་བུ་ཁ་རའི་ (布哈拉ཉེ་འགྲམ་ཞིག་ན་ཡོད་པར་བཤད་དོ།། དེ་ནས་ཀྱང་མུ་མཐུད་དུ་ནུབ་ཕྱོགས་སུ་ཕེབས་པས་རིམ་པར་བེ་ཏིག་ཡུལ་ (伐地国དང་། ཧོ་རི་ཥྨཱི་ཀའི་ཡུལ་ (货利习弥伽国དང་། ཀུ་ཤཱ་ནའི་ཡུལ་ (羯霜那国རྣམས་བརྒྱུད་དེ་ཕེབས་པ་དང་། དེ་ནས་བཟུང་རི་བོ་གཡང་གཟར་གྱི་ལམ་འཕྲང་ཧ་ཅང་དོག་མོ་བགྲོད་དཀའ་བ། རྩྭ་ཆུ་གང་ཡང་རིག་རྒྱུ་མཐོང་རྒྱུ་མེད་པའི་ལུང་སྟོང་ལེ་དབར་སུམ་བརྒྱ་ལྷག་ཡོད་པ་ཞིག་བརྒྱུད་མཐར་ལྕགས་ཀྱི་སྒོ་མོ་ (铁门峰ཞེས་པའི་བཙན་འཕྲང་ལ་སླེབས།     

    ལྕགས་ཀྱི་སྒོ་མོ་ཞེས་པ་ནི་ནུབ་ཀྱི་གྲུ་གུའི་འགག་སྒོ་ཧ་ཅང་གལ་ཆེན་ཞིག་ཡིན་ལ། དེང་སང་གི་བུའུ་ཙི་པེ་ཁི་སི་ཐན་གྱི་ལྷོ་ཕྱོགས་སུ་ཡོད་པ་ཞིག་སྟེ། གནའ་དུས་སུ་ཨེ་ཤ་ཡ་དབུས་མ་དང་ཨེ་ཤ་ཡ་ལྷོ་མའི་བར་གྱི་འགྲིམ་འགྲུལ་འགག་མདོ་ཞིག་རེད། འདི་ལས་ཐར་ན་ཐོ་གར་གྱི་ཡུལ་རྙིང་ (睹货罗国དུ་སླེབས་པ་ཡིན། ཅིའི་ཕྱིར་ལྕགས་ཀྱི་སྒོ་མོ་ཞེས་བྱ་ཞེ་ན། འགག་འཕྲང་འདིའི་ལོགས་གཉིས་ནི་བྲག་རིའི་གཡང་གཟར་དང་། བར་གྱི་བགྲོད་ལམ་ཧ་ཅང་དོག་ལ། འགག་འཕྲང་གི་ས་བབ་དང་བསྟུན་ནས་ལྕགས་སྒོ་ཞིག་བསྐྲུན་པར་མ་ཟད། ལྕགས་ཀྱི་སྒོ་འཕར་ལ་ལྕགས་ཀྱི་དྲིལ་བུ་མང་བོ་ཞིག་བཏགས་ཡོད་པས་མིང་དེ་ལྟར་ཐོགས་པ་ཡིན་འདུག 

    སྨྲས་པ། 

སྔོན་བྱོན་དམ་པ་དངོས་སུ་ཕེབས་པའི་ཡུལ། །

ད་ལྟའི་མི་ཡིས་བཙལ་ཀྱང་རྙེད་དཀའ་བ། །

མང་དུ་ཡོད་པ་འདིས་ཀྱང་ད་ལྟ་བ། །

ཉིད་ལས་གཞན་གཉིས་འགོག་པ་འཁྲུལ་ཚུལ་ཤེས། །

 

ཇི་ལྟར་རྟག་ངུས་ཆོས་འཕགས་འཚོལ་བ་བཞིན། །

ཡང་དག་ཆོས་ཀྱི་སྙིང་བོ་འཚོལ་བའི་ཕྱིར། །

སྤྱད་དཀའ་སྤྱོད་པས་ཤར་ནས་ནུབ་ཕྱོགས་སུ། །

བསྐྱོད་པའི་རྣམ་ཐར་འདི་ཀོ་རིན་ཐང་ཆེ། །

 

གཅིག་ཏུ་སེམས་དཔའ་ཆེན་པོའི་ཐུགས་བསྐྱེད་དང་། །

གཉིས་སུ་ཤེས་དཀའ་ལོ་རྒྱུས་མང་བོ་དང་། །

གསུམ་དུ་མ་ངེས་འགྱུར་ལྡོག་རྒོད་པའི་ཚུལ། །

འདི་ལས་མཐོང་ཚེ་གསང་བའི་གནད་མང་རྙེད། །

 

རྙེད་པའི་དོན་འདི་ཆོས་མཐུན་སྐལ་མཉམ་གྱི། །

གྲོགས་པོ་དག་ལ་སྐྱེས་སུ་འབུལ་ལགས་ན། །

མང་ཐོས་ནོར་བུའི་རྒྱན་ལ་དོན་ལྡན་གྱི། །

སྙིང་བོའི་དཔལ་ཡོན་འདོད་རྣམས་ཅིས་ཀྱང་ལོངས། །

 

བགྲོད་དཀའི་ལམ་འཕྲང་འཇིགས་རུང་གདོན་བགེགས་དང་། །

བཙན་པོའི་དབང་དང་རྒོད་པོའི་རྫིག་ཉམས་དང་། །

ཕྱུག་པོའི་རྒྱུ་དང་འཇམ་པོའི་གཡོ་ཟོལ་སོགས། །

ཀུན་གྱིས་མི་ཁོག་སྙིང་སྟོབས་འདི་ཀོ་མཚར། །

 

སུ་ལའང་མི་འཚེ་སུས་ཀྱང་ཐུབ་དཀའ་བའི། །

སློབ་དཔོན་ཆེན་པོའི་སྙིང་རྗེའི་འོ་མཚོ་ལས། །

མངོན་འཁྲུངས་དཔའ་བོའི་ནུས་སྟོབས་ཆེས་བདོ་བས། །

ཐར་དཀའ་ལྕགས་ཀྱི་སྒོ་མོའི་སྒོ་འཕར་གཏོར། །

ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25438241
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།