སྤྲེལ་སྐོར་ལ་བསྐྱོད་པའི་མཐོང་སྣང་།

རྩོམ་པ་བོ། ཧྲོང་བོ་རྟ་མགྲིན་སྐྱབས།
ད་ལོའི་དབྱར་གནང་གི་ཁོམ་སྐབས་ལ་བསྟུན་ནས་སློབ་གྲོགས་བསྟན་མཁྱེན་དང་མཉམ་དུ་བྲག་དཀར་སྤྲེལ་རྫོང་ལ་མཇལ་སྐོར་དུ་ཐེངས་གཅིག་ཕྱིན་པ་ཡིན།
སྤྱི་ཟླ༧པའི་ཚེས༡༧ཉིན་ཕ་ཡུལ་ཁྲི་ཀའི་ཡིན་པའི་སློབ་གྲོགས་བསྟན་མཁྱེན་གྱིས་ང་ལ་ཁ་པར་ཡོང་ནས་སང་ཉིན་ཁྱོད་ཁོམ་པ་ཡོད་ན་འུ་གཉིས་བྲག་དཀར་སྤྲེལ་རྫོང་ལ་མཇལ་སྐོར་དུ་འགྲོ་ཞེས་བཤད་པས་ངས་ཀྱང་ཁོ་དང་ལྷན་དུ་འགྲོ་བར་ཁས་བླངས།
ཕྱི་ཉིན་སྔ་དྲོའི་ཆུ་ཚོད་བདུན་ཡས་མས་སུ་སློབ་གྲོགས་བསྟན་མཁྱེན་གྱིས་རླངས་འཁོར་བསྐོར་ནས་ཕ་ཡུལ་དཔལ་ཁ་གྲོང་རྡལ་ལ་འབྱོར་བྱུང་། དེ་ནས་བྲག་དཀར་སྤྲེལ་རྫོང་དུ་འགྲོ་སའི་གཞུང་ལམ་ལ་ཞུགས་ཏེ་ཤར་མར་བྲག་དཀར་རྫོང་དུ་སོང་། ངེད་གཉིས་ཀྱིས་དེ་གར་ཟ་མ་བཟའ་གྲབས་བྱེད་སྐབས་སྤྲེལ་རྫོང་དགོན་པའི་གྲོགས་པོ་ཞིག་གིས་སྐད་འཕྲིན་དུ་དེ་རིང་སྔ་དྲོར་རང་དགོན་ནས་ནང་བསྟན་གྱི་བགྲོ་གླེང་གལ་ཆེན་ཞིག་ཚོགས་ཀྱིན་འདུག་ཅེས་ང་ལ་བཤད། གཏམ་དེ་ཐོས་འཕྲལ་ངེད་གཉིས་ཀྱིས་ཟ་མ་བཟའ་བར་བཤོལ་ནས་མྱུར་དུ་སྤྲེལ་རྫོང་དགོན་པའི་ཕྱོགས་སུ་ཆས། བྲག་དཀར་སྤྲེལ་རྫོང་ནི་བྲག་དཀར་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ་༣༠ལྷག་བསྐྱོད་པའི་མཚམས་སུ་ཡོད་ཅིང་།རྫོང་ནས་སྤྲེལ་རྫོང་གི་བར་གྱི་ལམ་ལ་གྱ་གྱུ་མང་བ་དང་རླངས་འཁོར་དང་འཕྲུལ་རྟ་སོགས་ཡར་རྒྱུག་མར་རྒྱུག་བྱེད་མཁན་ཧ་ཅང་མང་སྟབས་ངེད་གཉིས་ཕལ་ཆེར་དུས་ཚོད་གཅིག་ཙམ་འགོར་རྗེས་ད་གཟོད་ངོ་མཚར་ལྟ་ན་སྡུག་པའི་བྲག་དཀར་སྤྲེལ་རྫོང་དགོན་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་དུ་འབྱོར།
ད་ལོ་ནི་བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོ་སྟེ།བྲག་དཀར་སྤྲེལ་རྫོང་དགོན་གྱི་གནས་འདུས་ཡིན་གཤིས་ལོ་སྔོན་མ་དག་དང་བསྡུར་ན་གནས་མཇལ་དུ་ཡོང་མཁན་ཧ་ཅང་མང་ཞིང་།མཇལ་བའི་དགོས་མཁོ་སྐོང་བའི་སྦྲ་གུར་ཆེ་ཆུང་མང་བོ་ཡང་ལམ་འགྲམ་ཀུན་ཏུ་ཕྲེང་བསྒྲིགས་འདུག ཟང་ཟིང་དང་འདུ་འཛི་མེད་པའི་ཆོས་གྲྭ་འདིར་བོད་རྒྱ་གཙོས་ཕྱོགས་སོ་སོ་ནས་ཕེབས་པའི་མཇལ་སྐོར་བ་མང་བོའི་འཚང་ཁ་ཤིག་ཤིག་གི་འདུ་འཛི་དྲགས་ཆེ་བས་མི་ཚོགས་ནི་རྒྱ་མཚོའི་རྦ་རླབས་བཞིན་འཕྱུར་བའི་སྣང་བ་སྟེར། ད་དུང་རླངས་འཁོར་གྱི་དུང་བརྡ་བར་མེད་དུ་གྲགས་ཤིང་མ་བོས་རང་དགར་འདུས་པའི་ཕྱོགས་བཞིའི་དད་ལྡན་མང་བོའི་འུར་སྐད་ཆིལ་ཆིལ་དུ་སྒྲོག་པས་གནས་འདི་ནི་གྲོང་ཁྱེར་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས་སོ།།
ངེད་གཉིས་རླངས་འཁོར་ལས་བབས་ཏེ་མི་ཚོགས་མང་བོ་འཕྲལ་དུ་བརྒལ་ནས་ད་ལོར་གསར་དུ་གྲུབ་པའི་སྤྲེལ་རྫོང་དགོན་གྱི་ལྔ་རིག་སློབ་གླིང་གི་ཉིས་ཐོག་ཏུ་སོང་ནས་ནང་བསྟན་བགྲོ་གླེང་ལ་གསན།དོན་དུ་བགྲོ་གླེང་དེ་ནི་སྤྱིར་བཏང་གི་ཚོགས་འདུ་ཙམ་ཞིག་མིན་པར་འཆར་ཅན་ལྟར་འཚོགས་ཀྱིན་པའི་མཚོ་ལྷོ་ཁུལ་གྱི་ནང་བསྟན་བགྲོ་གླེང་སྐབས་བདུན་པ་རེད།ཚོགས་ཐོག་ཏུ་སེར་བྱེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་དང་དགེ་བཤེས་རྟོག་གྲོལ་ཡོན་ཏན་རྒྱ་མཚོ་སོགས་བོད་ཡུལ་ཆོལ་ཁ་ཀུན་ཏུ་སྙན་གྲགས་ཆེ་བའི་ལྷ་རམས་པ་དང་དགེ་བཤེས།བླ་སྤྲུལ་མང་བོ་གདན་འཛོམས་བྱུང་ཡོད་ལ།ཁོང་ཅག་གིས་བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་དང་བསྟན་པ་རིན་པོ་ཆེ་དང་འབྲེལ་ཡོད་ཀྱི་གསུང་བཤད་མང་དུ་གནང་བར་མ་ཟད།ངེད་གཉིས་ལ་འང་ཁོང་ཅག་གི་གསུང་བཤད་ལ་ཉན་པའི་སྐལ་བ་ལྡན།
ཕྱི་ཉིན་སྔ་མོ་ནས་ལངས་ཏེ་དགོན་པའི་འདབས་སུ་ཡོད་པའི་མཆོད་རྟེན་བདུན་པ་ནས་མགོ་བརྩམས་ཏེ་དངོས་སུ་སྤྲེལ་སྐོར་ལ་ཆས་པ་ཡིན།མཆོད་རྟེན་གྱི་མདུན་ངོས་སུ་རྐང་ཐང་དུ་སྐྱོད་པའི་མཇལ་སྐོར་བ་དང་ཕྱག་འཚལ་མཁན་མང་བོའི་འདུ་འགོད་ཆེ་ཞིང་བྲེལ་སྟབས་ཀྱིས་འགྲོ་བཞིན་པའི་རྣམ་པ་དེས་ལྷ་སའི་བར་སྐོར་གྱི་སྐོར་ཕྱག་བྱེད་མཁན་ཚོ་ཁོ་བོའི་དྲན་ངོགས་སུ་ཝ་ལེར་ཤར་དུ་བཅུག ལམ་འགྲམ་དུ་བསྟར་བའི་འཁོར་ཁང་རེ་རེའི་འཁོར་ལོ་རིམ་བཞིན་བསྐོར་ཏེ་རྡོ་ཟེགས་བཏང་བའི་སྐོར་ལམ་ལ་ཞུགས་ནས་མུ་མཐུད་དུ་བསྐྱོད་སྐབས་ལམ་འགྲམ་གྱི་གཡོན་དུ་བསྟར་བའི་རས་གུར་མང་བོའི་སྒོ་རུ་རྡོ་བརྐོས་ཀྱི་མ་ཎི་དང་སིདྡྷི་སོགས་བཤམས་ཏེ་བཙོང་བཞིན་འདུག་ལ།རྡོའུ་ལམ་གྱི་གཡས་ཕྱོགས་སུ་ཕལ་ཆེར་ལོ་ན་དྲུག་བདུན་ལ་སོན་པའི་བྱིས་པ་འགའ་ཤོག་སྒམ་རེ་རེའི་ནང་དུ་བསྡད་ནས་འགྲུལ་བཞུད་མཇལ་སྐོར་བ་ཚོར་སྒོར་མོ་སློང་གིན་འདུག ཕར་བལྟས་ཚོད་ཀྱིས་བྱིས་པ་དེ་ཚོར་བདག་གཉོར་བྱེད་མཁན་ཞིག་ལོས་ཡོད་འདོད་མོད།འོན་ཀྱང་ཁོ་ཚོའི་ཉེ་འགྲམ་ན་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག་པས། མཇལ་སྐོར་བ་ཚོས་བྱིས་པ་དེ་དག་ནི་དྭ་ཕྲུག་རེད་སྙམ་ནས་སྒོར་མོ་མང་དུ་འགྱེད་ཀྱིན་འདུག སྐབས་དེར་སློབ་གྲོགས་བསྟན་མཁྱེན་གྱིས་ཀྱང་རང་གི་ཨམ་ཕྲག་ལས་ཤོག་སྒོར་འགའ་བླངས་ཏེ་བྱིས་པ་རེ་རེའི་མདུན་དུ་ཡོད་པའི་ཤོག་སྒམ་དུ་སྒོར་ཤོག་གཅིག་རེ་འཕངས།འདིས་མཚོན་པའི་ད་དུང་དབང་བོ་སྐྱོན་ཅན་ཡིན་མིན་གྱི་སློང་མོ་བ་རྒན་གཞོན་ཕོ་མོ་ཤིན་ཏུ་མང་བོ་མཐོང་རྒྱུ་ཡོད།
ལམ་དེར་ཞུགས་ནས་སྨི་བརྒྱ་ལྷག་སོང་རྗེས་ཞབས་མཐིལ་ཤིང་རྐྱང་རྐྱང་ཡིན་ཞིང་མཐའི་ལན་ཀན་ཡོངས་སུ་ལྕགས་དྲས་སྦྲེལ་བའི་ཤིང་སྐས་ཤིག་ལ་འཕྲད། ཤིང་སྐས་ཀྱི་སྟེང་དུ་མཇལ་སྐོར་བ་མང་བོ་རྒྱུན་ཆད་མེད་པར་འགྲོ་བཞིན་འདུག ཤིང་སྐས་དེ་དེད་ནས་མདུན་དུ་ཅུང་ཙམ་སོང་རྗེས་གཡས་ཕྱོགས་ཀྱི་བྲག་ངོས་སུ་ཕ་མའི་དྲིན་ལན་འཇལ་བའི་གནས་ཞེས་པའི་ཕུག་པ་ཞིག་ཡོད་པ་དེར་འཕྲད་བྱུང་། སློབ་གྲོགས་བསྟན་མཁྱེན་གྱིས་ཅི་ཡིན་མ་ཤེས་པར་བྲག་ཕུག་དེའི་ནང་ན་ཅི་ཞིག་ཡོད་པ་སོགས་ང་ལ་དྲིས་པས་ངས་ཁོ་ལ་བྲག་ཕུག་འདི་ནི་ཕ་མའི་དྲིན་ལན་འཇལ་སའི་གནས་ཡིན་པ་དང་། བྲག་ཕུག་དེར་སོང་ནས་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ན་རང་གི་ཕ་མར་དྲིན་ལན་འཇལ་བ་ལྟ་བུའི་བྱིན་རླབས་འབྱུང་ངེས་རེད་ཅེས་བཤད། དེ་འཕྲལ་ངེད་གཉིས་བྲག་ཕུག་དེར་མཇལ་རྗེས་མུ་མཐུད་དུ་ཤིང་སྐས་བརྒྱུད་ནས་མདུན་ཕྱོགས་སུ་སོང་། དེ་ནས་ཡར་སོང་བའི་སྐོར་ལམ་གཡས་ཕྱོགས་ཀྱི་བྲག་རྩ་རུ་མི་མང་བོ་སྟར་ཕྲེང་བསྒྲིགས་ནས་ཡོད་པ་མིག་གི་མཐོང་ཡུལ་དུ་གྱུར། སློབ་གྲོགས་བསྟན་མཁྱེན་གྱིས་ཡང་བསྐྱར་ང་ལ་འདྲི་རྒྱུར། ཀན་ན་མི་ཚོགས་མང་བོས་ཅི་བྱེད་ཀྱིན་ཡོད་པ་རེད་ཅེས་ང་ལ་དྲིས་པས།ངས་གནས་དེ་ན་བྲག་ཕུག་ཆུང་ཆུང་ཞིག་ཡོད་ལ་དེར་རྣ་བ་གཏད་ནས་ཉན་ན་བསོད་ནམས་ལྡན་པའི་མིས་ཆོས་སྐད་དམ་རྔ་སྒྲ་ཐོས་ཐུབ། ཞེས་བཤད་ཞོར་ཕྲེང་བསྒྲིགས་པའི་མཇལ་སྐོར་བ་དག་གི་རྗེས་དེད་ནས་ཆོས་སྒྲ་ཐོས་ཐུབ་མིན་ལ་ཉན།ཆོས་སྒྲར་གསན་སའི་གནས་དེ་ནས་ཆས་ཏེ་བྲག་ངོས་སུ་རང་བྱོན་མང་བའི་གླང་ཆེན་སྣ་ཞེས་བྱ་བའི་དཀྱོག་ལམ་ཞིག་ཡོད་པ་དེར་བརྒྱུད་ནས་གོམ་པའི་འདེགས་འཇོག་མུ་མཐུད་དུ་མདུན་ཕྱོགས་སུ་བསྒྱུར།
དེ་ནས་ཡར་ཅུང་ཙམ་སོང་རྗེས་མཐོ་རིས་ལ་ཞེས་པའི་ལ་གཟར་ཞིང་མཐོ་བ་ཞིག་ཡོད་པ་དེར་འཕྲད། སྔོན་ཆད་གནས་དེའི་གཞོངས་ནས་ཡར་བལྟས་ན་སའི་འབུར་དུ་དོད་པའི་ཐེམ་སྐས་ཞེ་དགུ་མཐོང་ཐུབ་པར་བཤད་མོད། ད་སྐབས་ཡར་འཛེག་ས་ཤིང་སྐས་ཀྱིས་བསྐོར་ཡོད་ཁར་ཐེམ་སྐས་ཞེ་དགུར་གྲགས་པ་ནི་གར་ཡོད་མི་མཐོང་། ངེད་གཉིས་ཀྱིས་ཁ་བརྡ་བཤད་ཞོར་ཀྱག་ཀྱོག་མང་བའི་ཤིང་སྐས་ལ་ཞུགས་ནས་ཉག་གར་འགོས།
མཇལ་སྐོར་བ་མང་བོ་ཐང་ཆད་དྲགས་པས་སྐོར་ལམ་གཡས་གཡོན་གྱི་ཁོད་ཡངས་པའི་སྤང་ཐང་ན་ངལ་དུབ་སེལ་ཞོར་སྐོམ་ཆུ་སོགས་འཐུང་གིན་འདུག་ལ།བརྐྱངས་ཕྱག་འཚལ་མཁན་མང་བོས་གཅིག་རྗེས་གཅིག་གིས་དེད་དེ་ཤིང་སྐས་འགྲམ་གྱི་གཟར་ཞིང་མཐོ་བའི་ལ་ངོས་སུ་བསྐྱོད་ཀྱིན་མཆིས་སོ།།
ཉག་གར་ཐོན་དུས་སྔར་མཐོང་མ་མྱོང་ཞིང་ཁྱད་མཚར་བའི་ལྟད་མོ་མང་བོ་ཁོ་བོའི་མིག་གི་དགའ་སྟོན་དུ་ཤར་བྱུང་།བསང་དུད་ཀྱི་དུད་ཞག་སྔོན་མོ་བསིལ་རླུང་གིས་ཁད་ཀྱིས་བཏེགས་ཏེ་གཡའ་དག་པའི་མཁའ་དབྱིངས་སུ་འཕག་གིན་མཆིས་ལ། སྐྱེས་པའི་ལྷ་བསང་ཕུད་པའི་ཀུ་སྒྲ་ཆེན་པོ་དང་ཆོས་དུང་གི་གདངས་དབྱངས་སྙན་མོ་ཕྱོགས་བཞིའི་རི་ལུང་གི་བྲག་ཅར་འཁོར་འདུག ད་དུང་མཁའ་རུ་སྤུར་བའིི་རླུང་རྟ་མང་བོས་ཉག་གའི་མདུན་རྒྱབ་ཀྱི་རི་ངོས་ཡོངས་སུ་བཀླུབས་འདུག འདི་ནི་ཁོ་བོས་མཐོ་རིས་ལའི་ཉག་ག་ནས་རྙེད་པའི་མིག་གི་དགའ་སྟོན་ཡིན་ཞེས་བཤད་ནའང་ཆོག་པར་སེམས་སོ།།
ངེད་གཉིས་ཀྱིས་ཉག་སྟེང་ནས་ལུས་ངལ་ཅུང་ཙམ་གསོས་རྗེས་མུ་མཐུད་དུ་སེར་ཡུག་ཡུག་གི་ཤིང་སྐས་ཀྱི་སྐས་ཐེམ་རེ་རེ་ནས་མར་བབས། རི་ཤོད་དང་ཐག་མི་རིང་བའི་སྐོར་ལམ་གཡས་ལོགས་སུ་མི་མང་བོ་ཞིག་ཚོགས་འདུག ངེད་གཉིས་ཀྱིས་དེ་གར་ཅི་ཞིག་བྱེད་ཀྱིན་ཡོད་པ་ཤེས་པར་འདོད་ནས་མཇལ་སྐོར་བ་འགའ་ཡི་རྗེས་དེད་དེ་དེར་སོང་བ་ན། མ་གཞི་དེ་ན་རྡོ་ལེབ་ནར་མོའི་མཐའ་འཁོར་ཁ་བཏགས་ཀྱིས་བཏུམས་པ་ཞིག་ཡོད་ལ། ཏག་ཏག་སྐབས་དེ་ལ་དེའི་འགྲམ་དུ་ཡོད་པའི་རྒད་པོ་ཞིག་གིས་སྐད་མགོ་ཅུང་མཐོ་བའི་ངང་བཤད་རྒྱུར།རྡོ་ལེབ་འདིའི་སྟེང་དུ་རྟ་རྐྱང་ངེའི་རྨུག་རྗེས་དང་ཁྱི་ཏིང་ལའི་སུག་རྗེས་ཡོད་པ་རེད་ཅེས་རི་མོ་ཞིག་བསྟན། ཞིབ་ཏུ་བལྟས་ཚེ་རྒད་་པོ་དེས་བཤད་པ་འང་དངོས་གནས་བདེན་པར་སྙམ། དེ་ནས་རི་ཤོད་དུ་བབས་ན་སྔར་ཡོད་ཀྱི་ཤིང་སྐས་མེད་ཅིང་ལམ་ཡང་ཅུང་ཇེ་བདེར་སོང་ཡོད་པས་སྐོར་ལམ་ནི་རྡོ་ལམ་ཕྲ་མོ་ཞིག་ཏུ་བསྒྱུར་འདུག རྡོ་ལམ་དེར་བརྒྱུད་ནས་སྨི་བརྒྱ་ལྷག་སོང་བའི་མཚམས་ནས་གཡས་ཕྱོགས་སུ་དཀྱོགས་ཏེ་རྒྱབ་རིའི་འཕྲེད་ལམ་ལ་ཞུགས།
དེ་ནས་འཕྲེད་ལམ་ལ་ཞུགས་ནས་སྨི་ལྔ་བཅུ་ལྷག་བསྐྱོད་པའི་མཚམས་ཀྱི་ཨ་རིག་རྒན་པོའི་ཕྱག་འཚལ་ཤུལ་ལ་མཇལ།སློབ་གྲོགས་བསྟན་མཁྱེན་གནས་དེར་ཆ་རྒྱུས་མེད་གཤིས་ཁོས་ང་ལ་འདྲི་རྒྱུར་འདི་ཅི་ཞིག་གི་གནས་རེད་ཞེས་དྲིས་པར་ངས་ལན་དུ་འདི་ལྟར་བཤད། འདི་ནི་ཨ་རིག་རྒན་པོའི་ཕྱག་འཚལ་ཤུལ་རེད།འདི་ནས་ཡར་བརྩིས་པའི་མི་ལོ་བཅུ་གཉིས་ཀྱི་སྔོན་དུ་ང་རང་ཨ་མྱེས་ཀྱིས་ཁྲིད་དེ་སྤྲེལ་སྐོར་ལ་ཐེངས་གཅིག་ཡོང་མྱོང་།སྐབས་དེར་སྤང་ཐང་འདིར་ཨ་རིག་རྒན་པོའི་ཕྱག་འཚལ་ཤུལ་རེད་ཅེས་པུས་མོ་དང་དཔྲལ་བས་བཏོད་པ་ལོས་ཡིན་སྙམ་པའི་ས་དོང་ཞིག་གསལ་བོར་མཐོང་མོད།བར་དུ་སྐོར་ལམ་བཟོས་པ་སོགས་ཀྱི་དབང་གིས་ད་ཆ་མཐོང་ཐུབ་མི་འདུག ངས་གཞན་གྱི་ངག་རྒྱུན་ལས་ཐོས་པའི་ཨ་རིག་རྒད་པོ་ཞིག་གིས་གནས་འདིར་ཕྱག་འཚལ་བའི་གཏམ་རྒྱུད་ཐོ་རེ་བ་ཞིག་ཤེས། དེ་ནི་སྔོན་ཨ་རིག་གི་རིགས་སུ་མཆེད་པའི་རྒན་པོ་ཞིག་གིས་གནས་འདི་ནས་ཕྱག་འཚལ་ཏེ་འཕགས་པ་སྤྱན་རིས་གཟིགས་ཀྱིས་ང་ལ་‘ཕྱག་མཚམས་བཞག་ཆོག་’གསུང་རག་བར་དུ་ངས་ཕྱག་འཚལ་རྒྱུ་ཡིན་ཞེས་འགྱུར་མེད་ཀྱི་དམ་བཅས་ཏེ་དུས་ཡུན་རིང་བོ་ཞིག་ལ་ཕྱག་འཚལ། ནམ་ཞིག་འཕགས་པ་སྤྱན་རས་གཟིགས་ཀྱིས་བྲག་ངོས་སུ་རང་གཟུགས་བསྟན་ཅིང་ཕྱག་གཅིག་ཡར་ལ་བསྒྲེང་ནས་ཨ་རིན་རྒན་པོ་ལ་ཕྱག་མཚམས་བཞག་ཆོག་པར་བརྡ་སྤྲད་པ་རེད་ཅེས་ཁྱད་མཚར་བའི་གཏད་བརྒྱུད་དེ་རང་ལ་འདྲིས་ཤིང་འགྲོགས་པའི་སློབ་གྲོགས་བསྟན་མཁྱེན་ལ་བཤད།གནས་དེར་འདུས་པའི་དད་ལྡན་གྱི་མཇལ་སྐོར་ཁ་ཤས་ཀྱིས་ཀྱང་གོང་གི་གཏམ་རྒྱུད་དེ་ལྟ་བུ་ཞིག་ཐོས་ཡོད་པ་ལྟར་འདི་ནི་ཨ་རིག་རྒན་པོས་ཕྱག་འཚལ་ཤུལ་དང་། གོང་གི་བྲག་ངོས་ན་ཡོད་པ་གན་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རང་གཟུགས་དང་བྲག་སྟེང་ན་ཡོད་པ་ཀན་ནི་ཁོང་གི་ཕྱག་རེད་ཅེས་ཕན་ཚུན་ལ་ཤབ་ཤུབ་ངང་བཤད་ཅིང་། འཕགས་པ་སྤྱན་རིས་གཟིགས་ཀྱི་མཚན་ནས་བོས་ཤིང་ལག་ཟུང་ཐལ་མོར་སྤྱར་ཏེི་གསོལ་འདེབས་བྱེད་ཀྱིན་འདུགངེད་གཉིས་ཀྱང་ལམ་འགྲམ་དུ་བུད་ནས་ཁ་རྒྱབ་རིའི་ཕྱོགས་སུ་འཁོར་ཏེ་ཕྱག་འགའ་ཕུལ།
དེ་ནས་མར་སོང་ན་རབ་ཏུ་མཛེས་པའི་རྒྱབ་རིའི་ལྗོངས་རྣམ་མཐོང་ལ།རི་ཆུ་ནགས་གསུམ་གྱིས་་མཛེས་པར་བརྒྱན་པའི་དྭངས་གཙང་གི་ཁོར་ཡུག་དེས་སྐྱེ་འགྲོ་ཀུན་དགྱེས་པར་བྱེད་པ་མ་ཟད།དེ་དང་འབྲལ་མི་འདོད་པའི་ཆགས་པ་ཞིག་དབང་མེད་ངང་གིས་སྩོལ་སྲིད། ད་དུང་འཕྲེད་ལམ་གཡས་གཡོན་གྱི་སྤང་ཐང་ན་མཇལ་སྐོར་བ་མང་བོ་སྐར་ཚོགས་བཞིན་ཀྲ་ལམ་ལམ་དུ་བཀྲ་ཞིང་ཁོ་ཚོས་རང་དགར་སོས་བག་ཕེབས་ངང་སྤྲོ་བསང་གཏོང་གིན་འདུག
ངེད་གཉིས་ཀྱིས་ལྟ་ན་སྡུག་པའི་གནས་དེའི་ལྗོངས་རྣམ་བརྙན་པར་དུ་བླངས་རྗེས་མགྱོགས་མྱུར་ངང་མདུན་ཕྱོགས་སུ་གོམ་ཁ་བསྒྱུར། དེ་ནས་རྣམ་འཇོམས་གཟུངས་ཆུ་འམ་རྣམ་འཇོམས་ཁྲུས་ཀྱི་གནས་ཞེས་པའི་སར་འབྱོར།སྐོར་ལམ་གཡས་ཀྱི་ལུང་ཆུང་གི་ཕུ་ན་མཇལ་སྐོར་མང་བོའི་འདུ་འགོད་ཆེ་ཞིང་འུར་ཟིང་གིས་ཁྱབ་ཡོད། དེ་འཕྲལ་སློབ་གྲོགས་བསྟན་མཁྱེན་གྱིས་གནས་དེ་ཅི་ཡིན་མ་ཤེས་པར་ཡང་བསྐྱར་ང་ལ་དྲིས།ངས་རང་གི་མཐོང་ཐོས་ཙམ་སྟེ་འདིར་འབབ་པའི་རྦབ་ཆུ་ཆུང་ངུ་འདིའི་མིང་ལ་རྣམ་འཇོམས་གྲུབ་ཆུ་ཟེར་ཞིང་།ཆུ་འདི་འཐུང་བ་འམ་ལུས་ཁྲུས་བྱས་ན་ལུས་ཀྱི་སྙུང་ནད་དང་མི་གཙང་བའི་གྲིབ་རིགས་ཞི་ཐུབ་པར་བཤད།ད་དུང་སྐད་ཆེན་པོ་བསྒྲགས་ན་རྦབ་ཆུ་ཇེ་ཆེར་འགྲོ་བ་སོགས་ཀྱི་ཁ་བརྡ་མང་བོ་བཤད།ངེད་གཉིས་རྣམ་འཇོམས་གྲུབ་ཆུ་འབབ་སར་སོང་སྟེ་གྲུབ་ཆུ་ཁ་ལ་རེག་རྗེས་མུ་མཐུད་དུ་མདུན་ཕྱོགས་སུ་ཆས།
དེ་ནས་མར་སོང་སྟེ་རྒྱ་གར་དུར་རྡོ་འམ་དུར་ཁྲོད་བསིལ་བའི་གནས་ལ་འཇལ།དེ་ན་ཡང་མི་མང་བོ་ཞིག་གིས་སྔར་ལྟར་འཚང་འཚང་ཤིག་ཤིག་ངང་རྒྱ་གར་དུར་རྡོ་ལ་མཇལ་བཞིན་འདུག ངས་མི་མང་གིས་བསྐོར་བའི་རྒྱ་གར་དུར་རྡོ་མཐོང་མ་ཐག་སློབ་གྲོགས་བསྟན་མཁྱེན་ལ་ངག་རྒྱུན་དུ་གྲགས་པའི་རྒྱ་གར་དུར་རྡོ་ཞེས་འབོད་པ་དེར་ངོ་སྤྲོད་རགས་ཙམ་ཞིག་འདི་སྐད་དུ་སྨྲས།འདིར་ཡོད་པའི་རྒྱ་གར་དུར་རྡོ་ཞེས་པ་འདི་ནི་སྔོན་རྒྱ་གར་གྱི་དུར་ཁྲོད་བསིལ་བའི་གནས་ནས་འདིར་འཕུར་ཡོང་བར་བཤད་ལ།ལྷག་པར་གནས་འདི་ནི་རྒྱ་གར་གྱི་དུར་ཁྲོད་བསིལ་བའི་ཚལ་དང་བྱིན་རླབས་གཉིས་སུ་མེད་པ་དང་།དེའི་སྟོད་ཀྱི་ཕྱོགས་བཞིར་སྒོ་བཞི་ལྡན་པའི་གཞལ་ཡས་ཁང་དཔལ་ཧེ་རི་ཀའི་དཀྱིལ་འཁོར་མངོན་སུམ་དུ་གྲུབ་ཅེས་གནས་འདིར་ཆ་རྒྱུས་ཡོད་པའི་མི་རྣམས་ཀྱིས་རྒྱུར་པར་བཤད། ཅེས་སློབ་གྲོགས་བསྟན་མཁྱེན་ལ་བཤད། ངེད་གཉིས་ཀྱིས་ལྕགས་དྲས་བསྐོར་བའི་དུར་རྡོ་ལ་མཇལ་རྗེས་ཕྲ་ཞིང་འཚང་ཁ་ཆེ་བའི་སྐོར་ལམ་ལ་ཞུགས་ཏེ་ཤར་མར་ཡ་མ་ཐར་ཁུང་ཞེས་པའི་མཇལ་གནས་ཁྱད་པར་བ་ཞིག་ཡོད་པའི་ཕྱོགས་སུ་ཆས།
ཡ་མ་ཐར་ཁུང་གི་བྲག་རྩར་མཇལ་བ་མང་བོ་ཕྲེང་བསྒྲིགས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་བྲག་ངོས་སུ་བྲན་པའི་འཕྱང་ཐག་ལ་འཐམ་སྟེ་ཡ་མ་ཐར་ཁུང་གི་ཕུག་པར་མཇལ་བཞིན་འདུགངས་སྔ་མོ་ནས་སློབ་གྲོགས་བསྟན་མཁྱེན་ལ་གནས་འདི་ངོ་སྤྲོད་མདོར་ཙམ་བྱེད་རྒྱུར་སྟ་གོན་བྱས་ཡོད་མོད།སྟབས་ལེགས་པ་ཞིག་ལ་ལམ་འགྲམ་གྱི་སྒྲག་པང་ཞིག་ཏུ་ཡ་མ་ཐར་ཁུང་གི་ངོ་སྤྲོད་རགས་ཙམ་བོད་རྒྱ་ཤན་སྦྱར་གྱི་ལམ་ནས་གསལ་བོར་མཐོང་བས་རེ་ཞིག་ཁོ་ལ་བཤད་མ་དགོས།ངེད་གཉིས་ཀྱིས་ཡ་མ་ཐར་ཁུང་གི་ཕུག་པའི་ནང་གི་གུ་རུ་སི་ངྷྰིའི་རང་བྱོན་དང་སློབ་དཔོན་པདྨའི་རང་བྱོན་སོགས་ཡ་མཚར་བའི་བྲག་ངོས་ཀྱི་རང་བྱོན་མང་བོར་རིམ་བཞིན་མཇལ་ཞིང་དེར་མཇལ་ཚར་རྗེས་སྐོར་ལམ་འགྲམ་གྱི་བྲག་འོག་གི་གྲིབ་བསིལ་འོག་ཏུ་བསྡད་དེ་ཅུང་ཙམ་ལ་ངལ་གསོས།
དེ་ནས་མདུན་དུ་སོང་སྟེ་རྔམ་བརྗིད་ལྡན་པའི་རྒྱབ་རིའི་དབུ་རྩེ་རུ་བལྟས་ན་ངོ་མཚར་བའི་གཤིན་རྗེ་མེ་ལོང་མངོན་སུམ་དུ་མཐོང་ལ་མཇལ་སྐོར་བ་མང་བོ་དང་།ལྷག་པར་བྱིས་པ་དག་སྐོར་ལམ་གྱི་འགྲམ་དུ་བསྡད་དེ་རང་བྱུང་གི་བྲག་ལུང་ངམ་གཤིན་རྗེ་མེ་ལོང་ལ་ལྟས་ཏེ་སྐད་དམའ་མོས་ངང་ཕན་ཚུན་ལ་ཅི་ཞིག་གི་ལབ་གླེང་བྱེད་པ་ལྟར་བསྡད་འདུག སྔོན་ཆད་གནས་དེ་ནས་མདུན་དུ་ཅུང་ཙམ་སོང་ན་གཤིན་རྗེའི་རྒྱ་མ་ཞེས་སྡོང་རྒན་ཞིག་ཡོད་ལ།སྡོང་རྒན་དེར་ཡལ་ག་ཕྲན་བུ་ཞིག་ཡོད་པ་དེ་ལ་ལག་པས་འཇུས་ཏེ་གནས་རིའི་དབུ་རྩེ་ལ་བལྟས་ན་གཤིན་རྗེ་མེ་ལོང་མཐོང་།ནམ་རྒྱུན་དེར་ཡོང་བའི་མཇལ་སྐོར་བ་རྒན་གཞོན་སུ་ཡིན་ཡང་གནས་དེ་ནས་རང་ཉིད་རྒྱ་མར་འཇལ་བ་ལ་སྤྲོ་ཞིང་གོམས་ལོབས་སུ་གྱུར་ཡོད།འོན་ཀྱང་ཆག་འཇིག་ཆེན་པོ་ཞིག་གི་དབང་གིས་སྡོང་རྒན་དེ་ས་རུ་འགྱེལ་ཡོད་སྟབས་དེང་སྐབས་དེར་བརྒྱུད་པའི་འགྲུལ་བཞུད་པ་སུ་ཡིན་ཡང་ས་རུ་འགྱེལ་བའི་སྡོང་སྐམ་པོ་དེ་མཐོང་ཡང་སྣང་མེད་བཞག་འགྲོ
དེ་ནས་འཕྲེད་ལམ་བཅད་ནས་མདུན་དུ་སོང་སྟེ་འདྲེ་སྲིན་བཏུལ་བའི་གནས་ཞེས་བྱ་བར་འབྱོར། ངག་རྒྱུན་ལྟར་ན་ཨོ་རྒྱན་རིན་པོ་ཆེས་གནས་དེ་ནས་འདྲེ་སྲིན་སྤུན་བདུན་བཏུད་དེ་དོང་རིམ་པ་དགུའི་ནང་དུ་མནན་པར་གྲགས།དེ་བས་གནས་དེིའི་མིང་ལ་ཡང་འདྲེ་སྲིན་བཏུལ་བའི་གནས་ཞེས་གྲགས་པར་བཤད་སྲོལ་ཡོད།ངས་ཀྱང་གོང་གི་ངག་རྒྱུན་ཐོ་རེ་བ་དེ་སློབ་གྲོགས་བསྟན་མཁྱེན་ལ་བཤད་ཞོར་མུ་མཐུད་དུ་ལམ་ལ་ཆས། དེའི་ལམ་འགྲམ་ན་ཚོང་ཁང་དང་ཟ་ཁང་སོགས་ཀྱི་སྦྲ་གུར་ཧ་ཅང་མང་ཞིང་མཇལ་སྐོར་བ་ཡང་མང་བོ་འདུས་ཡོད་པས་ཕར་བལྟས་ཚོད་ཀྱིས་ཚོང་ཡང་བྲིན་ཆེ་བ་དཔགས་ཐུབ། དེ་ནས་རྡོ་ལམ་དེད་དེ་ཡར་ལ་ཅུང་ཟད་སོང་སྟེ་སྔར་གྱི་ཤིང་སྐས་ལ་ཞུགས། ཉི་མས་གདུང་བའི་མཇལ་སྐོར་ལ་ལ་ལམ་འགྲམ་གྱི་སྤང་ཐང་དུ་བུད་དེ་ཉི་གདུགས་འོག་ངལ་གསོ་བཞིན་ཡོད།
དེ་ནས་ཤིང་སྐས་ལ་ཞུགས་ཏེ་ཡར་སོང་ནས་སྒྲུབ་ཕུག་ཁྱད་པར་བ་ཧ་ཅང་མང་བོ་དང་། ལྷག་པར་སྟོན་པ་ཐུགས་རྗེ་ཆེན་པོའི་རང་བྱོན་དང་འཇམ་པའི་དབྱངས་ཀྱི་རལ་གྲི་རང་བྱོན། འཕགས་པ་སྤྱན་རས་གཟིགས་ཀྱི་སྐུའི་རང་བྱོན་སོགས་དངོས་སུ་མིག་གིས་མཐོང་ཐུབ།དེ་དག་རེ་རེ་བཞིན་མཇལ་ན་ཆུ་ཚོད་གཅིག་ལྷག་འགོར་བས་ངེད་གཉིས་ཀྱིས་བྲག་ངོས་ཀྱི་རང་བྱོན་དང་སྒྲུབ་གནས་དེ་དག་ལ་མཇལ་ཚར་རྗེས་ཆུ་ཚོད་གཉིས་པར་སླེབས་འདུག དེ་ནས་རྡོ་རྗེ་ཕུག་ལམ་ལས་བུད་དེ་བཀྲ་ཤིས་ལར་འཛེག བཀྲ་ཤིས་ལ་ལ་ཡང་ངག་རྒྱུན་དུ་གྲགས་པའི་བཤད་སྲོལ་ཞིག་ཡོད་ལ། སློབ་གྲོགས་བསྟན་མཁྱེན་གྱིས་ཀྱང་ངས་དེའི་སྐོར་གྱི་ཁ་བརྡ་བཤད་པར་རེ་བས་བསྒུགས་འདུག་པས་ངས་ཁོ་ལ་འདི་ལྟར་ལབ་པ་ཡིན།གནས་འདིའི་མིང་ལ་བཀྲ་ཤིས་ལ་ཟེར་ཞིང་མིང་དེ་ལྟར་ཐོགས་དོན་ནི་སྔོན་ཆད་རྗེ་རིན་པོ་ཆོ་དབུས་ལ་ཕེབས་སྐབས་ཁོང་གིས་འཇལ་དཔལ་མཚན་བརྗོད་གསུང་བཞིན་ལ་འདིའི་ཁར་བྱོན་པ་དང་མཉམ་དུ།བཀྲ་ཤིས་ཀུན་ཀྱི་བཀྲ་ཤིས་པ།།གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ།ཞེས་པའི་ཚིག་མཚམས་དེར་ཁེལ་ཡོད་པས་བཀྲ་ཤིས་ལ་ཞེས་པའི་མིང་དེ་ལྟར་བཏགས་པ་དང་། ལ་སྐེད་ན་རྡོ་གྲུ་བཞི་ཆེན་པོ་ཞིག་ཡོད་ཅིང་དེ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་བཞུགས་ཁྲི་ཡིན་ཟེར།རྗེ་རིན་པོ་ཁོང་ཡང་སྐབས་དེར་ཁྲི་དེའི་སྟེང་དུ་བཞུགས་པར་བཤད། ཅེས་བཤད་དོ།།
ངེད་གཉིས་ཀྱིས་ཉག་གའི་གཡས་ཟུར་གྱི་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་བཞུགས་ཁྲི་ལ་མཇལ་རྗེས་ཉག་གའི་ཕར་རྒྱབ་ཀྱི་ཤིང་སྐས་འགྲམ་དུ་ཡོད་པའི་རྐང་ལམ་ལ་བརྒྱུད་ནས་གཤམ་འོག་གི་རི་ཤོད་དུ་བབས།རི་ཤོད་ཀྱི་སྐོར་ལམ་གཡས་གཡོན་དུ་མཇལ་སྐོར་བའི་རས་གུར་དང་། ཟ་ཁང་དང་མགྲོན་ཁང་སོགས་ཀྱི་རས་གུར་མང་བོ་མཐོང་ཞིང་།ད་དུང་དད་ལྡན་གནས་མཇལ་བ་རྣམས་ལ་ཆེད་དུ་ཁ་ཕྱོགས་ནས་ཟ་འཐུང་རིན་མེད་དུ་སྦྱིན་སའི་རས་གུར་འགའ་ཡང་ཡོད།
འདི་ནི་ད་ལོའི་དབྱར་གནང་སྐབས་སུ་སློབ་གྲོགས་བསྟན་མཁྱེན་ལ་འགྲོགས་ནས་སྤྲེལ་སྐོར་དུ་ཕྱིན་པའི་མཐོང་ཐོས་དང་།ཡང་ན་རང་གིས་སྤྲེལ་སྐོར་གྱི་མྱོང་བ་བརྗོད་པའི་ཟིན་བྲིས་ཕྲན་བུ་ཞིག་ཡིན་ནོ།།

རྩོམ་ཡིག་འདི་ནི་2016ལོའི་སློབ་གླིང་གསེར་མྱུག་རྟགས་མའི་རྩོམ་རིགས་འགྲན་སྡུར་ཁྲོད་ཨང་གཉིས་པ་ཐོབ་པའི་རྩོམ་ཡིག་ཡིན།
|