|
|
ཀ་ཕྲེང་རྩོད་པའི་དགེ་མཚན་གསལ་བའི་མེ་ལོང་། | རྩོམ་སྒྲིག་པ། ཁཱ་ཤེས་རབ་རྒྱ་མཚོ། | སྤེལ་དུས 2021-08-28 | ལྟ་ཀློག (3860) | རྩོམ་ཁུངས: ངེད་དྲ་བ། | པར་འདེབ། |
|
ཀ་ཕྲེང་རྩོད་པའི་དགེ་མཚན་གསལ་བའི་མེ་ལོང་།
ཐེ་བོ་དཀོན་སེང་།
ཀ་དག་དངོས་པོའི་རང་གཤིས་འཚོལ་ཕྱིར་དྷི་སྐད་མཆེད་པའི་རྩོད་གྲྭ་རུ།།
ཁ་དོག་དབྱིབས་གཟུགས་བསྡུས་ཚན་ནས་བཟུང་རིགས་ལམ་སློབ་པའི་གོམས་སྲོལ་འདི།།
ག་ལེར་བསམ་ན་རིག་སྒོ་འབྱེད་པའི་ལྡེ་མིག་ཉིད་དུ་འགྱུར་བས་ན།།
ང་ཚོོས་བློ་རིག་རྩེ་གཅིག་བསྒྲིམས་ཏེ་འདི་ལ་མི་སློབ་གང་ལ་བསླབ།།
ཅ་ཅོའི་ཚིག་རྩོད་སྙིང་པོ་མེད་ཅེས་ལ་ཤས་ཧམ་པ་བཤད་ན་ཡང་།།
ཆ་རྫོགས་གཞུང་གི་དཀའ་གནས་དྲ་བ་རྩོད་པས་བརྡར་ཤ་བཅད་དགོས་ཕྱིན།།
ཇ་ཞིམ་བཏུང་བ་ཐུན་གཅིག་བསྐོལ་ལ་ཇ་དང་ཆུ་གཉིས་མཁོ་བ་ལྟར།།
ཉ་གང་མཁས་པའི་གྲལ་དུ་ཚུད་པར་ལུང་རིགས་ཟུང་གི་ཁྱད་ཆོས་དགོས།།
ཏ་ཐ་ག་དའི་གསུང་རབ་ཟབ་མོ་མདོ་སྔགསས་གཞུང་གི་དགོངས་དོན་དག།
ཐ་མལ་མི་ལ་བམ་བཤད་མི་ཕན་གཏན་ཚིགས་རྣོན་པོས་ངོ་སྤྲད་གལ།།
ད་དུས་མི་ལ་རྒྱུ་མཚན་མཁོ་བས་རྒྱུ་མཚན་རིག་པ་འདི་ལས་གཞན།།
ན་རག་བར་དུ་བཙལ་ཡང་མི་རྙེད་འདི་ཉིད་བསླབ་བྱའི་གཙོ་བོར་ཟུངས།།
པ་པོའི་མཚན་གྱི་སྙན་པ་འདོད་ན་རྩོད་པའི་རིགས་ལམ་བྱང་བར་གྱིས།།
ཕ་རོལ་རྒོལ་བ་འཇོམས་པར་དགྱེས་ན་གཏན་ཚིགས་རིག་པར་ཞིབ་ཏུ་སྦྱོངས།།
བ་ཞོའི་བསམ་པའི་གོ་རྟོགས་བརྟན་པོ་རིགས་ལམ་འཕྲུལ་ལས་འབྱུང་བར་ངེས།།
མ་རིག་རྨོངས་འཇོམས་ཤེས་རབ་དེ་ཡང་རྩོད་པའི་ཁྲོད་ནས་རྙེད་སྐད་སྨྲ།།
ཙ་རིའི་གནས་སོགས་ངེས་མེད་ཡུལ་ནས་གྲུབ་པ་བརྙེས་པའི་གྲུབ་དབང་དག།
ཚ་གྲང་དཀའ་སྤྱད་དང་དུ་བླངས་ཏེ་རྩོད་རིག་བྱང་བའི་གོ་སྟོབས་ཀྱིས།།
ཛ་ཡི་གསུང་རབ་གདམས་པར་ཤར་ཏེ་ས་མཐོར་གཤེགས་པའི་མཛད་བཟང་རིགས།།
ཝ་ལེར་ད་ལྟ་དངོས་སུ་མཇལ་ན་རྩོད་པར་མི་དགྱེས་རང་དབང་ཅི།།
ཞྭ་སེར་ངུར་སྨིག་ཆོས་སྡེ་ཆེ་ཡང་རྩོད་སྦྱོང་མེད་ན་ཤེས་རབ་ཞན།།
ཟ་ཟིང་ཆེ་བའི་སློབ་གླིང་བརྗིད་ཀྱང་རྩོད་སྦྱོང་མེད་ན་རིག་སྟོབས་བྲལ།།
འ་འུར་གཏམ་གྱི་མགོ་མཇུག་བརྫིགས་རུང་རྒྱུ་མཚན་མེད་ན་ཉོག་བཤད་འགྱུར།།
ཡ་མཚན་རྩོད་པའི་དགེ་མཚན་བརྗོད་ན་སྨྲ་བའི་དབང་ཕྱུག་ཐང་ཡང་ཆད།།
ར་བཟིའི་སྨྱོ་བཤད་གང་མཁས་ཙམ་གྱིས་མཁས་པའི་བཞུགས་གྲལ་མི་དབང་ལ།།
ལ་སྟོད་སྐུ་རྟེན་ལུང་མདོར་འཁོར་ལོ་བཞེངས་པས་བསྟན་པ་འཛིན་མི་ནུས།།
ཤ་མེད་དཀར་ཟས་བསྟེན་པ་དེ་ཙམ་བསྟན་པའི་ཡང་སྙིང་ག་ལ་ཡིན།།
ས་ཐོབ་སྐྱེས་བུས་ཕས་རྒོལ་བསྟན་དགྲ་རྩོད་པས་ཐལ་བར་བརླགས་མིན་ནམ།།
ཧ་ཅང་མི་ཐལ་མི་ཡི་རིགས་འདི་བརྩད་ཅིང་དྲིས་ན་བློ་སྟོབས་འཕེལ།།
ཧ་ལམ་གོ་བའི་ཡིད་དཔྱོད་ཙམ་ལ་ཡིད་རྟོན་མི་རུང་ཇེ་ཚོམ་འགྱུར།།
ཨ་མཚར་མ་ལགས་གནས་ལུགས་ཡོད་པའི་ཀ་ཕྲེང་རྩོད་པའི་ཆེ་བ་འདི།།
ཨ་ཁུ་རྩོད་ལ་མཁས་ཉམས་མ་ཡིན་ན་གཞོན་རྩོད་པར་སྐུལ་མ་ལགས།། |
| |
སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས། གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས། དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འབའ་སྣང་གྲོལ། རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།
|
|
འདྲེན་བཀོལ: |
|
|
དཔྱད་གཏམ (
2
)ཡོད། |
|
|
|
ཀ་ཕྲེང་རྩོད་པའི་དགེ་མཚན་གསལ་བའི་མེ་ལོང་། སྤེལ་མཁན།: དྷཱི་ཡིག
སྤེལ་དུས:2021/9/2 |
རྩོམ་ཡིག་ལ་ནང་དོན་ཟབ་སོང་། ཧ་ཅང་དོན་དང་ལྡན་སོང་།ཐུགས་རྗེ་ཆེ། མུ་མཐུད་ནས་འབྲི་རྒྱུ་རེ་བ་ཡོད། |
|
|
ཀ་ཕྲེང་རྩོད་པའི་དགེ་མཚན་གསལ་བའི་མེ་ལོང་། སྤེལ་མཁན།: དྷཱི་ཡིག
སྤེལ་དུས:2021/9/2 |
རྩོམ་པ་པོའི་ཨང་གྲངས་ཤེས་ནི་ཡོད་ན་མྱུར་དུ་བསྐུར་རོགས། |
|
|
|
པར་ངོས1/1 པར་ཡོད། |
|
|
|
|
|
|
འབྲེལ་གཏུག་བྱ་ཡུལ། ཁ་པར། 15283703999 E-mail:QQ:3267109906 |
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་། |
|
|
|
|