2021ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་མཛད་སྒོ།
2021ལོའི་སྤྱི་ཟླ་7ཚེས་8ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གི་ད་ལོའི་མཐར་ཕྱིན་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཤིང་། དགེ་རྒན་འོད་ཟེར་དང་མགོན་པོ་སྐྱབས་གཉིས་ཀྱིས་འཛིན་བདག་གནང་བའི་ཆེད་སྦྱོང་མི་འདྲ་བ་སོ་སོ་ནས་ཁྱོན་སྡོམ་མཐར་ཕྱིན་སློབ་མ་151སློབ་མཐར་ཕྱིན་པ་དང་། དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ་དང་དགེ་རྒན་གཅོད་པ་ཚེ་རིང་གཉིས་ཀྱིས་མཐར་ཕྱིན་དཔང་ཡིག་སྤྲད་ཅིང་། ད་ལོའི་མཐར་ཕྱིན་གྲུབ་འབྲས་སུ་གཞུང་དང་མི་སྒེར་གཉིས་ནས་དེབ་གྲངས་མི་འདྲ་བ་20པར་སྐྲུན་འགྲེམ་སྤེལ་བྱས། མཐར་ཕྱིན་མཛད་སྒོའི་སྟེང་དུ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་མཐར་ཕྱིན་སློབ་མ་རྣམས་ལ་ཡིད་འཁུལ་བའི་བསླབ་བྱ་གནང་བ་དང་། སློབ་དཔོན་བཛྲ་ཚུལ་ཁྲིམས་རྒྱ་མཆོག་གིས་ཐག་རིང་ནས་བསླབ་བྱ་སྙིང་གི་རླབས་ཕྲེང་ཞེས་པ་བསྐུར་ནས་དགེ་རྒན་གྱི་ལིང་འཇིགས་མེད་ཀྱིས་མཐར་ཕྱིན་སློབ་མ་རྣམས་ལ་སྒྲོག་འདོན་གནང་བར་མ་ཟད། སློབ་མ་རྣམས་ཀྱིས་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་རྣམས་ལ་བཀའ་དྲིན་མཚོན་པའི་ལེགས་སྐྱེས་ཕུལ་ནས་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་པ་དང་། འཛིན་གྲྭའི་འཐུས་ཚབ་པ་རེ་རེ་ནས་མཐར་ཕྱིན་གྱེས་ཚིག་སྒྲོག་འདོན་གནང་སྟེ་དགེ་སློབ་ཀུན་འབྲལ་མི་ཐུབ་པའི་གྱེས་གདུང་གི་མཆི་མ་དབང་མེད་དུ་བཞུར་དགོས་བྱུང་། མཐར་སློབ་གླིང་གི་དགེ་རྒན་ལས་བཟོ་བ་དང་སློབ་མ་རྣམས་ཀྱིས་སློབ་གྲྭའི་སྒོ་ཆེན་ཁ་རུ་མཐར་ཕྱིན་སློབ་མ་རྣམས་ལ་སྐྱེལ་ཞུ་གནང་།
                
གསར་འགོད་པ། འབའ་སྣང་གྲོལ།
|