སློབ་གསོ་པུའུ་གཞུང་ལས་ཁང་གི་ཆུང་འབྲིང་སློབ་མའི་ཁ་པར་དོ་དམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་ཡིག

ཡིག་ཆ〔2021〕ཨང3པ།
ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་སློབ་གསོ་ཐིང་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྒར་སློབ་གསོ་ཅུའུ་བཅས་ལ་ཞུ་རྒྱུར།
ཁ་པར་ནི་ཉིན་རེ་བཞིན་མི་རྣམས་ཀྱི་འཚོ་བར་ཁྱབ་རྒྱ་ཆེ་རུ་སོང་བ་བསྟུན་ནས། སློབ་མས་ཁ་པར་སྤྱོད་པ་དེས་སློབ་གྲྭའི་དོ་དམ་དང་སློབ་མའི་ཡར་ཐོན་ལ་གེགས་དང་བར་ཆད་མི་ཉུང་བ་ཞིག་བཟོས་ཡོད་པས། སློབ་མའི་མིག་ལ་སྲུང་སྐྱོང་དང་། སློབ་མས་དྲ་སྒང་དང་རོལ་རྩེད་ལ་མི་གཡེང་བར་སློབ་གྲྭ་ནས་བློ་རྩེ་གཅིག་བསྒྲིམས་ཀྱིས་སློབ་སྦྱོང་ལ་གཞོལ་ཅིང་། སློབ་མའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་ཆེད། སློབ་མའི་ཁ་པར་དོ་དམ་བྱ་བར་ཤུགས་སྣོན་པར་གཤམ་གྱི་བརྡ་ཡིག་འདི་ཀུན་ལ་བསྒྲགས་པ་ཡིན།
གཅིག ཁ་པར་སློབ་གྲྭའི་ནང་འཁྱེར་ཡོང་མི་ཆོག་པ་སྟེ། རྩ་དོན་ལྟར་ན་ཁ་པར་སློབ་གྲྭའི་ནང་འཁྱེར་ཡོང་མི་ཆོག་ལ། གལ་ཏེ་ངེས་པར་འཁྱེར་ཡོང་དགོས་ཚེ། སློབ་མའི་ཁྱིམ་བདག་གི་འཐད་པ་བྱུང་དགོས་པ་དང་། སློབ་གྲྭ་ལ་ཡིག་ངོས་ནས་རེ་ཞུ་འབུལ་དགོས་ལ། སློབ་གྲྭའི་ནང་འཛུལ་རྗེས་སློབ་ཁང་དུ་འཁྱེར་ཡོང་མི་ཆོག་པར་སློབ་གྲྭས་གཅིག་གྱུར་གྱིས་ཉར་ཚགས་དོ་དམ་བྱ་དགོས།
གཉིས། དོ་དམ་བྱེད་ཐབས་ཞིབ་ཕྲར་གཏོང་བ་སྟེ། སློབ་མས་ཁྱིམ་བདག་དང་འབྲེལ་བ་བྱེད་པར་སློབ་གྲྭས་སྤྱི་སྤྱོད་ཁ་པར་འཛུགས་དགོས་ལ། དགེ་རྒན་གྱིས་ཁ་པར་ལམ་ནས་ལས་བྱ་བཀོད་སྒྲིག་དང་ཡང་ན་སློབ་མར་ཁ་པར་གྱི་ལམ་ནས་ལས་བྱ་འབྲི་རུ་འཇུག་མི་ཆོག
གསུམ། སློབ་གསོ་སྣེ་སྟོན་བྱ་བར་ཤུགས་སྣོན་དགོས་པ་སྟེ། སློབ་གྲྭས་རྒྱལ་དར་སྒྲེང་སྐབས་ཀྱི་གཏམ་བཤད་དང་། འཛིན་གྲྭའི་ཚོགས་འདུ། སློབ་གྲྭའི་སྒྲིག་ལམ་སོགས་ཀྱི་རྣམ་པ་ལས་སློབ་མས་ཚན་རིག་ལུགས་མཐུན་གྱིས་ཁ་པར་སྤྱོད་པར་སློབ་སྟོན་གནང་ནས། སློབ་མའི་རང་བདག་རང་གཅེས་ཀྱི་བསམ་བློའི་འདུ་ཤེས་ཇེ་མཐོར་གཏོང་དགོས།
བཞི། སློབ་གྲྭ་དང་ཁྱིམ་བདག་གི་བར་འབྲེལ་བ་དམ་པོར་འཛིན་དགོས་པ་སྟེ། སློབ་གྲྭས་ཁ་པར་དོ་དམ་གྱི་འབྲེལ་ཡོད་བླང་བྱ་དང་ཁ་པར་གྱི་ཉེས་དམིགས་སོགས་སློབ་མའི་ཁྱིམ་བདག་ལ་བཤད་དེ། སློབ་གྲྭ་དང་ཁྱིམ་བདག་ཕྱོགས་གཉིས་ཀས་སློབ་མའི་ཁ་པར་དོ་དམ་བྱ་བར་ཤུགས་སྣོན་དགོས།
ལྔ། སློབ་གསོ་སྡེ་ཁག་གིས་སྐུལ་སྟོན་དང་ཞིབ་བཤེར་བྱ་བར་ཤུགས་སྣོན་དགོས་པ་སྟེ། རྫོང་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་སློབ་གྲྭ་སོ་སོས་ཁ་པར་དོ་དམ་གྱི་བྱེ་བྲག་གཏན་འཁེལ་ཇེ་ཞིབ་ཏུ་གཏོང་བར་སྐུལ་སྟོན་དང་ཞིབ་བཤེར་བྱས་ནས། དུས་ཐོག་ཏུ་སློབ་གྲྭའི་ཁ་པར་དོ་དམ་བྱ་བའི་ཁྲོད་གནས་པའི་གནད་དོན་ཐག་གཅོད་དགོས།
སློབ་གསོ་པུའུ་གཞུང་ལས་ཁང་།
2021ལོའི་ཟླ1པོའི་ཚེས15ཉིན།
རྡོ་ཉི་ཟླས་བསྒྱུར།
|