བསེ་ཚང་རྩོམ་རིག་བྱ་དགའ་སྐབས་གསུམ་པ་མདོ་སྨད་གཙོས་གྲོང་ཁྱེར་དུ་བསྡུས་པ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་བུ་འཇམ་དབྱངས་བདེ་ལེགས་ལ་བསེ་ཚང་རྩོམ་རིག་བྱ་དགའི་སྐབས་གསུམ་པའི་ཕུལ་བྱུང་བྱ་དགའ་ཐོབ།

༧བསེ་ཚང་རྩོམ་རིག་བྱ་དགའ་ནི་སྐབས་དང་བོ་ཉིས་སྟོང་དགུ་ལོ་ནས་མགོ་བརྩམས་ཤིང་། དབུ་འཛིན་མཁན་བསེ་རྡོ་རྗེ་འཆང་གཙོས་མི་རིགས་རིག་གནས་ལས་དོན་ལ་ཐུགས་ཞེན་ཆེ་བའི་སྐྱེས་བུ་མང་བོས་མི་ལོ་མང་བོར་མཉམ་དུ་བསྐྱངས་ཡོང་ཞིང་། ད་ལོར་ཡང་བསེ་ཚང་རྩོམ་རིག་འགྲན་སྡུར་སྐབས་གསུམ་པ་དེ་ཀན་སུའུ་མི་རིགས་སློབ་ཆེན་དང་གཏེར་ལུང་དགོན། ཁྱུང་སྔོན་རྩོམ་རིག་དྲ་བ་སོགས་ཀྱིས་མགོ་འཛིན་རྩེ་སྐྱོང་མཛད་ནས། སྤྱི་ལོ2020སྤྱི་ཟླ12ཚེས12ཉིན་མདོ་སྨད་གཙོས་གྲོང་ཁྱེར་ཀུན་བཟང་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་བསྡུས་ཤིང་། ཚོགས་ཐོག་ཏུ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་དང་སློབ་དཔོན་ཆེན་མོ༧བསེ་ཚང་བློ་བཟང་དཔལ་ལྡན། སྒྲོལ་མ་སྐྱབས། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དྲུང་སྤྱི་གཞོན་པ་ཡང་ཧྲི་ཡུས། སློབ་གཙོ་གཞོན་པ་མེན་ཞན་ལིན། གཙོས་གྲོང་ཁྱེར་འཐབ་ཕྱོགས་གཅིག་པུའུ་ཡི་པུའུ་ཀྲང་ཁྲུན་ཅུ་ཡང་སོགས་ཚོགས་ཞུགས་གནང་། ཨང་དང་བོ་གཅིག་དང་གཉིས་པ་གཉིས། གསུམ་པ་གསུམ་དང་ཕུལ་བྱུང་བཞི་རྟིང་སྐུལ་བཅུ་བཅས་ཁྱོན་མི་ཉི་ཤུ་ལ་བྱ་དགའ་ཐོབ། འཇམ་དབྱངས་བདེ་ལེགས་སམ་གསེར་འཇམ་བདེ་ནི་ལོ་རབས་དགུ་བཅུའི་ནང་ཕ་ཡུལ་བྲག་དཀར་རྫོང་ལྔ་རྒྱལ་སྡེ་བར་སྐྱེས་ཤིང་། སྤྱི་ལོ2002ལོར་མདོ་སྨད་བྲག་དཀར་སྤྲེལ་རྫོང་དགོན་པའི་ཆོས་སྒོར་ཞུགས་པ་དང་ཉིས་སྟོང་བཅོ་བརྒྱད་ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན། མི་སྒེར་སྙན་དེབ《དད་དུང་འཁུར་བའི་ཡིག་འབྲུ》ཞེས་པས་ཀློག་མཁན་མང་བོར་བག་ཆགས་ཟབ་མོ་འཇོག་མྱོང་། གཞན་གཞུང་སྒེར་གྱི་དུས་དེབ་དང་ཚགས་པར་སོགས་སུ་རྩོམ་ཡིག་ཀྱང་མང་དུ་བཀོད་མྱོང་ལ་རྩོམ་རིག་སྐོར་གྱི་བྱ་དགའ་ཡང་གང་འཚམ་བླངས་མྱོང་། ཐེངས་འདིའི་༧བསེ་ཚང་རྩོམ་རིག་འགྲན་སྡུར་ཁྲོད་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་བོ་སུམ་བརྒྱ་བཞི་བཅུའི་ནང་ནས་ཁོང་ལ་ཕུལ་བྱུང་བྱ་དགའ་ཐོབ་ཡོད།
བསེ་ཚང་རྩོམ་རིག་བྱ་དགའ་གནང་བའི་ཚོགས་འདུ།
ཚོགས་རའི་ཟུར་ཞིག
ཐེངས་འདིའི་བྱ་དགའ་ཐོབ་པའི་རྩོམ་པ་དག་གི་མཉམ་པར།
བསེ་ཚང་རིན་པོ་ཆེ་དབུ་བཞུགས་ཀྱི་མགོ་ཁྲིད་དང་རྩོམ་པ་བོ་དག་གི་མཉམ་པར།
རྩོམ་རིག་བྱ་དགའ།
བྱ་དགའ་ཐོབ་པའི་རྩོམ་པ་བོ་དག་གི་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་མཁན་འཇམ་དབྱངས་བདེ་ལེགས་ཀྱི་འདྲ་པར།
|