གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་གསུམ་གྱིས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པ།
རིན་ཆེན་སྒྲོལ་མ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་ཧྲོང་བོ་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། རང་ལོ་བཅུ་གཉིས་སྟེང་སྟེ་སྤྱི་ལོ་2005་ལོར་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་ཞུགས་ཤིང་རིམ་བཞིན་སློབ་གླིང་དེའི་བཤེས་གཉེན་བཀའ་དྲིན་ཅན་དག་གི་མཛུབ་སྟོན་དང་བྱམས་སྐྱོང་འོག་བོད་རང་གི་རིག་གནས་ཀྱི་བླ་མེད་རིན་ཐང་དང་དགོས་གལ་གྱི་རང་བཞིན་ལ་ངེས་པ་རྙེད་ཅིང་། དེ་ནས་བཟུང་བོད་ཀྱི་རིག་གནས་ཀྱིས་དྲངས་པའི་དགའ་ཕྱོགས་སམ་མི་ཚེའི་ཕུགས་འདུན་ཞིག་ཀྱང་མེད་པ་ནས་ཡོད་པར་གྱུར། དེ་ལྟར་མི་ལོ་བརྒྱད་ལ་དཀའ་སྡུག་གི་འཚོ་བར་གདོང་གཏད་དེ་སློབ་སྦྱོང་གི་འདུན་མ་རྒྱུན་བསྐྱངས་པས། མཐར་སྤྱི་ལོ༢༠༡༣ལོར་གནས་དེ་གར་སློབ་ཐོན་གྱི་དཔང་ཡིག་བླངས། དེ་ནས་བཟུང་མུ་མཐུད་དུ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་ཞུགས་པ་དང་། སྤྱི་ལོ་༢༠༡༦ལོར་མཐོ་རྒྱུགས་ལ་ཞུགས་ཤིང་། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་ཆེད་སྦྱོང་འཛིན་གྲྭར་ཡོད་ཅིང་དང་བོའི་དམ་བཅའ་དང་ཕུགས་རེ་མ་དོར་བར་ད་ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད།
རིན་ཆེན་སྒྲོལ་མ།
རིག་བྱེད་འཚོ་ནི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་ཡིན། སྤྱི་ལོ༢༠༠༥ལོར་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་ཞུགས་ནས་མི་ལོ་བརྒྱད་ཀྱི་སློབ་སྦྱོང་གི་འཚོ་བ་མཇུག་རྫོགས་པ་དང་སློབ་གླིང་དེ་གའི་སྐབས་དང་བོའི་མཐར་ཕྱིན་སློབ་མར་གྱུར། དེ་ནས་མུ་མཐུད་དུ་མགོ་ལོག་ཁུལ་མི་རིགས་མཐོ་འབྲིང་སློབ་མཐར་ཕྱིན་ཞིང་ལོ་དེར་རྒྱལ་ཡོངས་མཐོ་རྒྱུགས་ལ་ཞུགས་ཏེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་ཆེད་སྦྱོང་འཛིན་གྲྭར་མི་ལོ་གསུམ་རིང་དཀའ་སྡུག་གི་འཚོ་བར་གདོང་གཏད་ཅིང་བརྩོན་འགྲུས་ཀྱི་རྟ་ཕོར་ལྕག་གིས་བསྣུན་ནས་ད་ལོར་སློབ་གླིང་དེ་གའི་ལོ་རྒྱུས་ཡིག་ཚང་རིག་པའི་རམ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད།
རིག་བྱེད་འཚོ།
ཡིད་བཞིན་སྐྱིད་ནི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་ཡིན། སྤྱི་ལོ་༢༠༡༣ལོར་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནས་སློབ་ཆུང་དང་དམའ་འབྲིང་མཐར་ཕྱིན་ཞིང་སློབ་གླིང་དེའི་སྐབས་དང་པོའི་མཐར་ཕྱིན་སློབ་མའི་གྲས་སུ་ཚུད། མུ་མཐུད་དུ་ཧོའུ་པེའུ་ཞིང་ཆེན་དུ་མཐོ་འབྲིང་བཏོན། སྤྱི་ལོ༢༠༡༦ལོར་ནུབ་བྱང་མི་རིགས་སློབ་ཆེན་ཀྱི་བོད་སྐད་ཡིག་གི་ཆེད་སྦྱོང་འཛིན་གྲྭར་མིང་ཐོ་བཀོད་ནས་དེར་ལོ་གསུམ་ལ་སློབ་ཆེན་གྱི་མིང་བྱང་ཙམ་ཁུར་ཞིང་སློབ་སྦྱོང་ཐན་ཐུན་བྱས་ཏེ་ད་ལོའི་དཔྱིད་ཁར་མཐར་སྟེར་བའི་གྲས་ཡིན་པ་མ་ཟད་དྲིན་ཆེན་ཕ་མ་དང་དགེ་རྒན་དམ་པ་རྣམ་གྱི་བཀའ་དྲིན་དང་བྱིན་རླབས་ཀྱིས་ད་ལོར་བོད་ལྗོངས་སློབ་ཆེན་གྱི་རྩོམ་རིག་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་སོང་བས་ནམ་རྒྱུན་རང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཚོ་ལ་བཀའ་དྲིན་དང་ཐུགས་རྗེ་ལེགས་གསོལ་ཕུལ་བཞིན་ཡོད་ཟེར།

ཡིད་བཞིན་སྐྱིད།
གསར་འགོད་པ། གཡོན་གཞིས་ཁྲོ་རྒྱལ།
|