རང་ལོ86ཅན་གྱི་ཨར་ལས་བཟོ་བ་ཞིག་གི་ངོ་མཚར་བའི་གསང་བ།
2018/11/04 14:02 གཟའ་སྤེན་པ་ཞིག་གི་ཞོགས་པར།
ཁྲེ་ཅོན་ཨོ་ལིན་ཏོན་གྱི་ཁང་རྙིང་ཞིག་གི་སྒོ་དྲུང་དུ། མི་ཚོགས་ཀྱིས་ཕྲེང་བསྟར་རིང་བོ་བསྒྲིགས་ནས་ཡོད་པ་དང་ཁོ་ཚོས་དལ་ཅག་གེར་ཁང་བ་འདིའི་སྒོ་འབྱེད་པར་སྒུག་བསྡད་ཡོད།
ཁང་བ་འདིའི་བདག་པོ་ནི་སྐར་ཆེན་མིན་ལ་རླབས་ཆེ་བའི་མི་ཞིག་དེ་བས་ཀྱང་མ་ཡིན།
ཉེ་འཁོར་གྱི་ཁྱིམ་མཚེས་དག་ལ་མཚོན་ན། ཁང་བདག་འདི་ནི་གཞན་དང་ཧ་ཅང་འཆམ་མཐུན་དང་བྱམས་བརྩེ་ལྡན་པའི་མི་ཞིག་ཡིན་པ་དང་།
ཁོ་རང་ཉེ་འགྲམ་གྱི་ཆང་ཁང་ནས་ལྦུ་ཆང་ལ་རོལ་བར་ཧ་ཅང་དགའ་ཞིང་། སྐབས་རེར་ཉིན་གང་བོར་ཕྱི་རོལ་ཏུ་མི་འགྲོ་ཟེར།
ཡིན་ནའང་རྒན་པོ་འདིའི་ངོ་མཚར་བའི་མི་ཚེའི་ལོ་རྒྱུས་དེ་སུ་གཅིག་གིས་ཀྱང་མི་ཤེས།
དེ་བས་ཀྱང་ཧང་སངས་དགོས་པ་ཞིག་ནི།
བགྲེས་པོ་འདིའི་ཁྱིམ་མི་དང་གྲོགས་པོ་དག་གིས་ཀྱང་ཁོང་གི་སྐོར་གྱི་ལོ་རྒྱུས་མི་ཤེས་པ་དང་།
2018ལོའི་ཟླ7པར་བགྲེས་པོ་ཁོང་ཚེ་ལས་འདས་རྗེས། ཁྱིམ་མི་དག་འོངས་ནས་ཁང་བར་བསྡུ་གསོག་བྱེད་དུས་རི་མོ400ཙམ་རྙེད་པ་དང་གཞི་ནས་བགྲེས་པོ་ཁོང་རི་མོ་བ་ཞིག་ཡིན་པའི་གསང་བ་རྟོགས།
བགྲེས་པོ་འདིའི་མིང་ལEric Tucke(埃里克·塔克)ཟེར་བ་དང་རང་ལོ20ནས་བཟུང་རི་མོ་འབྲི་འགོ་བརྩམས།
ཚེ་ལས་འདས་དུས་ལོ86ཡིན། ཁོས་གྲགས་འགུལ་ཅི་ཡང་མེད་པར་མི་ལོ60ལྷག་ལ་རི་མོ་བྲིས་ཡོད་ལ།
གྲུམ་ནད་ཀྱིས་མནར་ནས་ན་ཟུག་བཟོད་གླགས་མེད་པ་བྱུང་རྗེས་གཞི་ནས་སྨྱུག་མཚམས་མི་འཇོག་ག་མེད་བྱུང་།
Ericཡིས་སྨྱུག་རྩེ་ནས་བཞེངས་པ་མང་ཆེ་ཤོས་ནི་དབྱིན་ཇིའི་བྱང་ཕྱོགས་བཟོ་བ་གྲལ་རིམ་གྱི་ལས་ཀའི་ཁོར་ཡུག་དང་དུ་སྤྲིན་འཁོར་བའི་ཆང་ཁང་།
སྤྲོ་སྐྱིད་ཁང་གི་འཚོ་བའི་རྣམ་པ་དག་ཡིན།
ཁོ་རང་གི་རི་མོའི་ནང་གི་མི་སྣ་དག་ལ་དམིགས་བསལ་གྱི་འབྲི་ཐབས་སྤྱད་མེད་ནའང་མིག་མདངས་དང་རྣམ་འགྱུར་ལ་གསོན་ཉམས་ལྡན།
རི་མོའི་ནང་གི་མི་སྣ་ཕལ་བའང་ལྷད་མེད་ཀྱི་ཞིབ་འབྲི་བྱས་ཡོད་པ་དང་རི་མོ་ཡོངས་ལ་སྣང་འཇོག་མི་བྱེད་པའི་སྐད་ཅིག་མ་དེར།
ཡང་མི་ལ་བརྩེ་བའི་དྲོད་འཇམ་གྱི་སྣང་ཚུལ་ཞིག་སྟེར་འོངས།
 
Ericནི1932ལོར་ཨོ་ལིན་ཏོན་གྱི་ཁྱིམ་ཚང་ཕལ་བ་ཞིག་ནས་སྐྱེས་པ་དང་ཕ་མ་གཉིས་ལ་བུ་ཕྲུག་གསུམ་ཡོད་པ་ལས་ཆེ་བ་ཡིན།
ཁོ་རང་ལོ14ཡིན་དུས་སློབ་གྲྭ་ལས་ཕྱིར་བུད་པ་དང་སློབ་ཐོན་ལག་ཁྱེར་གཅིག་ཀྱང་མེད། འཚོ་ཐབས་ཆེད།
ཁོ་རང་ཁུ་ཚུར་གཞུ་རྩལ་བ་བྱས་མྱོང་ཡོད་ལ། རྗེས་སུ་ལོ་བཞིར་གོང་མའི་སྐྱ་དམག་བདེ་སྲུང་རུ་ཁག་ནང་ཞུགས་པ་རེད།
དེའི་རྗེས་ཕྱིར་ཕ་ཡུལ་དུ་ལོག་རྗེས་ས་གནས་ཀྱི་བཟོ་སྐྲུན་པ་ཞིག་ཏུ་གྱུར།
ཁོ་རང་གཉེན་སྒྲིག་བྱས་མེད་ལ་བྱིས་པའང་མེད།
སྔོན་ལ་ཨ་མ་དང་ལྷན་དུ་སྡོད་པ་དང་ཨ་མ་འདས་རྗེས་ཁོ་རང་གཅིག་པུས་འཚོ་བ་རོལ།
Ericཡིས་རང་ལོ20ལྷག་གི་དུས་ནས་བཟུང་རི་མོ་འབྲི་འགོ་བརྩམས་པ་དང་དུས་རྒྱུན་དུ་མན་ཁྲིན་སི་ཐི་དང་ལེ་བོ་པོ་ལྟ་སྐོར་སྒྱུ་རྩལ་ཁྱམས་རར་འགྲོ་བ་རེད།
ཡིན་ནའང་ཁོ་རང་དངོས་གཞིའི་རི་མོ་གསོ་སྦྱོང་གང་ལའང་ཞུགས་མྱོང་མེད། ཁོ་རང་ཉེ་འཁོར་གྱི་ཆང་ཁང་དུ་འགྲོ་བར་དགའ་མོས་ཡོད་པ་དང་།
གནས་དེར་ཁོ་རང་གིས་ནམ་རྒྱུན་ལྷིང་འཇགས་ངང་འཁྲིས་སུ་ལྦུ་ཆང་ཞིག་འཇོག་པ་དང་། པུས་མོ་ལྷ་ངའི་སྟེང་སྐྱ་རིས་རི་མོའི་དེབ་ཅིག་བཞག་ནས་སྡོད་པ་ཡིན།
ཁྱིམ་མི་དག་གིས་ཁོ་རང་རི་མོ་འབྲི་བར་དགའ་བ་ཤེས་པ་དང་ཁོས་ཁྱིམ་མི་དང་གྲོགས་པོ་ཚོར་རི་མོ་ལེགས་སྐྱེས་སུ་སྤྲོད་པ་རེད།
ཡིན་ནའང་ཁོ་རང་དེ་འདྲའི་ཚད་མཐོ་བའི་རི་མོ་མཁས་ཅན་ཞིག་ཡིན་པ་སུས་ཀྱང་ཡིད་ལ་ཤར་མ་མྱོང་། Ericཚེ་ལས་འདས་རྗེས། ཁོའི་ནུ་བོTonyཡིས་ཕུ་བོའི་ཁང་བར་བསྡུ་གསོག་བྱས་པ་དང་།
ཁོ་ཚོས་སྒམ་ཞིག་གི་ཁ་ཕྱེས་པའི་ཚེ་ནང་དུ་རི་མོ་ཧ་ཅང་མང་བོ་ཞིག་བཞག་ཡོད་པ་མཐོང་། ཡང་སྒོ་རའི་ནང་གི་ལྡུམ་རའི་ཚལ་དུའང་རི་མོ་མང་བོ་ཞིག་ཡོད་པ་དང་རགས་རྩིས་ཤིག་བྱས་རྗེས་རི་མོ200ལྷག་ཡོད་པ་ཤེས།
སྔོན་ལ་འདི་ཙམ་མ་གཏོགས་མི་འདུག་བསམ་པ་དང་།
གོས་སྒྲོམ་ཁ་ཕྱེས་པ་ན་ཡང་རི་མོ་སྐོར་ཞིག་ལག་སོན་བྱུང་བ་དང་མཐར་ཁང་བ་ཡོངས་སུ་རི་མོ་མེད་པའི་ས་མེད་པ་ཤེས།
Tonyནས་བཤད་དོན། “ང་ཚོ་ཚང་མསEricལ་སྒྱུ་རྩལ་གྱི་དུངས་པ་ཡོད་པ་ཤེས་ཡོད།
ཡིན་ནའང་ཁོའི་རང་ཁྱིམ་དུ་སྒྱུ་རྩལ་བརྩམས་ཆོས་འདི་འདྲ་མང་བོ་ཞིག་ཡོད་པ་གཏན་ནས་བསམ་མྱོང་མེད།
ད་ལྟ་ཕྱིར་དྲན་བྱས་ཚེ་ཁ་པར་གཏོང་དུས་ཁོ་རང་གིས་ཉི་ཁྱམས་སུ་རི་མོ་འབྲི་བཞིན་པ་དེ་དྲན་འོངས”ཟེར་བ་དང་།
Ericཡི་ནུ་མོKarenནས་བཤད་དོན། “ཁོས་ནམ་རྒྱུན་སྨྱུ་གུ་བཟུང་ནས་རི་མོ་འབྲི་བ་དང་།
ད་དུང་ང་ཚོར་སྒྱུ་རྩལ་ལ་སྤྲོ་སྣང་ཡོད་དགོས་པའི་སྐུལ་མ་ཡང་ཡང་གཏོང་བ་རེད”ཟེར།

Ericལ་མཚོན་ན། རི་མོ་འབྲི་བ་ནི་དགའ་ཕྱོགས་ཙམ་ཞིག་མ་ཡིན་པར།
དེ་ནི་ཁོ་རང་གི་ཉིན་རྒྱུན་གྱི་འཚོ་བའི་ཟབ་སར་རས་ལ་སྣུམ་བྱུགས་པ་ལྟར་ཐིམ་ནས་རང་ཉིད་ཀྱི་ཚེ་སྲོག་གི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།
Ericཡི་རི་མོ་ནི་ངོ་མཚར་བའི་སྒྱུ་རྩལ་བརྩམས་ཆོས་ཡིན་ལ་དེ་བས་ཀྱང་ལོ་རྒྱུས་ཚན་པ་ཞིག་གི་བརྗེད་ཐོའང་ཡིན།
ཁོང་གི་རི་མོས་ཨོ་ལིན་ཏོན་དང་མི་དམངས་བར་གྱི་དུས་རབས་ཤིག་གི་སྤྱི་ཚོགས་ཀྱི་སྣང་བརྙན་གསལ་བར་མཚོན་པར་བྱས་ཡོད།

Ericཡིས་རང་གི་རི་མོ་གཏན་ནས་བཙོང་མྱོང་མེད་ལ་འགྲེམས་སྟོན་ཡང་བྱས་མྱོང་མེད།
རི་མོ་འབྲི་བ་ནི་ཁོ་ལ་མཚོན་ན་སེམས་ཁམས་ཞི་འཇགས་སུ་ཕབ་ནས་རང་གིས་རང་ལ་སེམས་གཏམ་བཤད་པའི་གོ་རིམ་ཞིག་དང་།
ཉིན་ཐོ་དང་འདྲ་བར་རང་ཉིད་གཅིག་པུས་རོལ་མྱོང་བྱེད་པའི་ངོ་མཚར་བའི་གསང་བ་ཞིག་ཡིན།
རི་མོའི་བརྩམས་ཆོས་འདི་དག་གྲགས་འགུལ་ཅི་ཡང་མེད་པར་ས་རྡུལ་ཁྲོད་མི་འཇོག་པའི་ཆེད་དུ། Ericཡི་ཁྱིམ་མི་དག་གིས་ཁོ་རང་གི་སྡོད་ཁང་ལ་གཙང་སྦྲ་བྱས་ནས་གནས་སྐབས་རིང་གི་འགྲེམས་སྟོན་ཁང་ཞིག་ཏུ་སྒྲིག་བཀོད་བྱས་པ་དང་།
མིང་ལ༼ ཨེ་རེ་ཁུ—ལོ་ངོ60རིང་མ་མཐོང་བའི་སྒྱུ་རྩལ༽”Eric
Tucker's 60 Unseen Years of Art”ཞེས་བཏགས་ནསEricཡི་རི་མོའི་བརྩམས་ཆོས་ཀྱི་བརྗོད་གཞི་འགྲེམས་སྟོན་བྱས།
 
ཕྱི་ལ་འགྲེམས་སྤེལ་བྱེད་པའི་དུས་ཚོད་ནི་ཟླ10ཚེས27དང་ཚེས28ཉིན་གཉིས་ལ་གཏན་ཁེལ་བྱས་པ་དང་འདི་ལ་སྤྲོ་སྣང་ཡོད་མཁན་ཚང་མ་འོང་ནས་བལྟ་རོལ་བྱས་ཆོག
ཁོ་ཚོའི་བསམ་པའི་ཡུལ་ལས་འདས་པ་ཞིག་ལ།
ཉི་མ་དེ་གཉིས་རིང་ལ་ལྟ་སྐོར་བྱེད་པའི་མི་ཚོགས་ཟམ་མི་ཆད་པ་དང་ཡང་འགྲེམས་སྟོན་འདི་ལ་བལྟ་སླད་ཨུ་རུ་སུ་ནས་གནས་འདིར་ཆེད་དུ་འོངས་པའང་ཡོད།
བལྟ་སྐོར་བ་དག་རུ་ཕྲེང་བསྒྲིགས་ནས་ཆུ་ཚོད་ཁ་ཤས་རིང་སྒུག་དགོས་ནའང་ཁོ་ཚོའི་སྤྲོ་སེམས་ལ་འགྱུར་བ་མ་བྱུང་།
སྒོ་འབྱེད་པའི་དུས་ཚོད་ལ་མ་སླེབས་གོང་ནས་སྒོ་དྲུང་དུ་མིས་གང་བ་དང་སྡོམ་རྩིས་བྱས་པ་ལྟར་ན།
ཉིན་གཉིས་རིང་མི་གྲངས1500ལས་བརྒལ་ཡོད།
Tonyབཤད་དོན། ཁྱིམ་མི་ཚོས་ཕུ་བོའི་གཤིས་ཀ་ཤེས་པས་ང་ཚོས་རི་མོའི་བརྩམས་ཆོས་གཅིག་ཀྱང་ཕྱིར་འཚོང་བྱེད་མི་འདོད།
འདིའང་ཕུ་བོས་མཐོང་འདོད་པའི་མཐའ་མཇུག་གི་རེ་བ་ཡིན་ཟེར།
དུས་མཚུངས་སུEricཡི་ཁྱིམ་མི་དག་གིས་ཅི་ནུས་ཀྱིས་དབྱིན་ཇི་དངོས་མང་བཤམས་སྟོན་ཁང་གི་ལས་བྱེད་མི་སྣ་དག་དང་འབྲེལ་གཏུག་སྒོས་གྲོས་མོལ་བྱེད་བཞིན་ཡོད་པ་དང་།
ཁོ་ཚོསEricཡི་བརྩམས་ཆོས་འདི་དག་དེ་བས་ཀྱང་མི་མང་བོ་ཞིག་གིས་མཐོང་ཐུབ་པར་རེ་བ་བྱེད་བཞིན་ཡོད།
ཉིན་རེ་ཡིག་ཟམ་ཚགས་པར་གྱི་སྒྱུ་རྩལ་དཔྱད་བརྗོད་པ་དང་དབྱིན་ཇི་སྒྱུ་རྩལ་དུས་དེབ་ཀྱི་རྩོམ་སྒྲིག་པRobin SimonནསEricཡི་སྒྱུ་རྩལ་འགྲེམས་སྟོན་ལ་བལྟས་རྗེས་བཤད་དོན།
“ཁོང་གི་རི་མོ་ནིLS Lowryདང་དུས་རབས་བཅུ་དགུ་བ་དང་དུས་རབས་ཉི་ཤུ་བའི་པེ་ལེ་ཧྲིའི་སྒྱུ་རྩལ་བའི་ཁྱད་ཆོས་ལྡན་པའི་རི་མོ་གཉིས་མཉམ་བསྲེས་བྱས་ཡོད།
རི་མོ་འདི་དག་ལ་བལྟས་པ་ཙམ་གྱིས་མི་ལ་སྤྲོ་སྣང་སྟེར་བ་དང་། དེ་བས་ཀྱང་ང་རང་ཧང་སངས་དགོས་པ་ནི་སྒྱུ་རྩལ་བ་ཁོང་ནི་ལས་ཞོར་གྱི་རི་མོ་འབྲི་མཁན་ཞིག་ཡིན་པ་དེ་རེད”ཟེར།
གལ་ཏེ་དུངས་པ་དང་སྡུག་རུས་ཚད་ངེས་ཅན་ཞིག་ཡོད་པ་ཡིན་ན།
གཞན་དང་མི་མཚུངས་པའི་རང་ཉིད་ངོ་མ་དེ་འཚོལ་ཐུབ་ལ། ནམ་ཡང་རང་ཉིད་ལ་ཚད་བཀག་བཟོ་མི་རུང་ལ།
རང་ཉིད་ལ་ཡིད་ཐང་དེ་བས་ཀྱང་ཆད་མི་རུང་། གལ་ཏེ་སྒྲུབ་མི་ཐུབ་པ་བྱུང་ནའང་དེ་ནི་རང་གི་བརྩོན་པས་མ་འདང་བ་འབའ་ཞིག་གོ།།
གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།
|