འབའ་ཡུལ་ཐོན་མིའི་སློབ་ཚོགས་ཀྱི་སྐབས་གསུམ་པའི་དགེ་སློབ་དགྱེས་འཛོམས།

འབའ་ཡུལ་སློབ་ཚོགས་ཀྱིས་དགེ་རྒན་རིན་པོ་ཆེ་ཕེབས་བསུ་ཞུ་བཞིན་པ།
བཀའ་དྲིན་གཞལ་མཐའ་བྲལ་བའི་སློབ་དཔོན་རིན་པོ་ཆེ་ལ་ངེད་བུ་སློབ་བརྒྱ་ཕྲག་ལྷག་གིས་ཡང་དང་བསྐྱར་དུ་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ཇི་བཞིན་ཞལ་གྱིས་བཞེས་ནས་སྤྱི་ལོ༢༠༡༨ལོའི་སྤྱི་ཟླ༡༡པའི་ཚེས ༤ ཉིན་མཚོ་སྔོན་འབའ་རྫོང་ཐོན་མིའི་སློབ་ཚོགས་ཀྱི་སྐབས་གསུམ་པའི་དགེ་སློབ་དགྱེས་འཛོམས་གསེར་ཁང་གཡང་ཟམ་གསོལ་མགྲོན་ཁང་དུ་བསྡུས། སློབ་དཔོན་བཀའ་དྲིན་ཅན་གྱིས་གསེར་ལས་ལྷག་པའི་དུས་ཚོད་དང་། རླབས་ཆེ་བའི་བྱ་བའི་བྲེལ་ཟིང་ཁྲོད་ནས་སྐུ་ངལ་ལ་མ་འཛེམ་པར་ཞབས་ཀྱིས་བཅགས་ནས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་ཐོན་མིའི་སློབ་གསོའི་དགོངས་དོན་ལས་འཕྲོས་ཏེ་འབའ་རྫོང་ཐོན་མིའི་སློབ་གྲོགས་ཚོགས་པའི་ཁ་ཕྱོགས་དང་དམིགས་ཡུལ། སྤྱི་བའི་ལས་དོན་སྒྲུབ་སྟངས་དང་སློབ་གྲོགས་ཀྱི་ཚོགས་པའི་དགེ་མཚན། བསམ་བློ་གཅིག་མཐུན་གྱི་ནུས་ཤུགས་སོགས་ཀྱི་ཐད་ནས་གསུང་བཤད་ཡིད་འཁུལ་བ་མང་བོ་གནང་།
ཕྱི་དྲོར་སློབ་གྲོགས་རྣམས་ཀྱིས་རང་རང་གི་འཛིན་གྲྭར་ཚོ་ཆུང་བཙུགས་ནས་སློབ་ཚོགས་ལས་དོན་གཙོས་ཕྱོགས་གང་ཐད་ནས་བསམ་བློ་བརྗེ་རེས་ཀྱི་བགྲོ་གླེང་རྒྱ་ཆེར་བྱས་པར་མ་ཟད། འབའ་རྫོང་ཐོན་མིའི་སློབ་ཚོགས་ཀྱི་ལས་དོན་མང་བོ་ཞིག་ལ་སྤྱི་བསྡོམས་དང་གཏན་འཁེལ་བྱས་ནས་མིང་རྟགས་བཀོད། མཇུག་མཐར་སློབ་གྲོགས་ཡོངས་ཀྱིས་སྔར་མེད་ཀྱི་སྤོབས་པ་དང་ཡིད་ཆེས་ཁྲོད་ནས་དམ་བཅའི་རི་མོ་གཅིག་ལ་བཀོད་དེ་མཇུག་བསྡུས།
དགེ་རྒན་རིན་པོ་ཆེས་བཀའ་སློབ་གནང་བཞིན་པ།
འབའ་ཡུལ་སློབ་ཚོགས་ཀྱིས་དགེ་རྒན་རིན་པོ་ཆེར་བཀའ་དྲིན་གཏང་རག་གི་མཎྜལ་འབུལ་བཞིན་པ།
སློབ་གྲོགས་རྣམས་ཀྱིས་བསམ་ཚུལ་ཞུ་བཞིན་པ།
འབའ་ཡུལ་སློབ་ཚོགས་ཀྱི་དགེ་སློབ་དགྱེས་འཛོམས་མཉམ་པར།
གསར་འགོད་པ། ནག་བཟའ་བློ་བཟང་ཆོས་གྲགས།
|