
ཨ་རིག་རྭ་རྒྱ་དགོན་པའི་མཚན་སྒྲ་ལ་དཔྱད་པ།
རྭ་རྒྱ་བློ་དབང་།
བླ་མ་དང་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
འདིར་གླེང་བར་འདོད་པ་ནི། ཇོ་བོ་བཀའ་གདམས་པའི་རིང་ལུགས་འཛིན་པ་རྗེ་ཨ་རིག་དགེ་བཤེས་ཆེན་མོ་རྒྱལ་མཚན་འོད་ཟེར་རམ།
བྱམས་པ་དགེ་ལེགས་རྒྱལ་མཚན་དུ་ཡང་གྲགས་པ། ཡིག་ཆ་རེ་འགའི་ནང་བྱམས་པ་འོད་ཟེར་དང་། རྗེ་ཐབས་མཁས་རྒྱ་མཚོར་ཡང་འབོད་པ་ཁོང་གིས་བོད་རབ་བྱུང་བཅུ་གསུམ་པའི་ས་མོ་གླང་།
སྤྱི་ལོ་ 1769 ལོར་མདོ་སྨད་ཨ་རིག་གི་ཡུལ་དུ་ཕྱག་འདེབས་གནང་བའི་ཆོས་སྡེ་ཆེན་པོ་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཏེ།
ཡོངས་གྲགས་སུ་ཨ་རིག་རྭ་རྒྱ་རུ་གྲགས་པ་འདིའི་མཚན་ནམ་མིང་གི་སྐོར་ཡིན། དགོན་པ་འདི་ལ་རྭ་རྒྱ་དགོན་པ་ཞེས་ཡོངས་སུ་གྲགས་ཡོད་པས་དམིགས་བསལ་གླེང་དགོས་དོན་ཅི་ཡོད་སྙམ་ན།
མདོ་སྨད་ཆོས་འབྱུང་དུ་རྭ་རྒྱའི་སྐོར་བཤད་སྐབས་བཤད་སྒྲུབ་བྱམས་པ་གླིང་ངམ། བཀྲ་ཤིས་ཀུན་བདེ་གླིང་།
ཕྱིས་སུ་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་གྲགས་ཞེས་འཁོད་ཡོད་པ་དང་། པཎ་དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ་དང་རྣམ་ཐར་ནང་ཨ་རིག་བདེ་ཆེན་དགོན་པ་ཞེས་གསལ་བ་ཡང་དགོན་པ་འདི་ཡིན་པ་དང་། ཤིང་བཟའ་སྐལ་བཟང་གིས་བརྩམས་པར་གྲགས་པའི་སོག་པོའི་དེབ་ཐེར་མེས་པོའི་ཞལ་ལུང་གཙོ་བོར་བྱས་པའི་གསར་རྩོམ་རྨ་ལྷོའི་ལོ་རྒྱུས་རེ་འགའི་ནང་།
ཝང་བཀྲ་ཤིས་འབྱུང་གནས་རྭ་རྒྱ་དགོན་པའི་འདུ་ཁང་ཀླད་དུ་ཡུན་རིང་བསྡད་པས་དགོན་པའི་མཚན་ལ་ཡང་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་ཐོགས་ཞེས་གསལ་བར་བརྟེན།
དོན་དངོས་དགོན་པ་འདིའི་མཚན་ལ་ཅི་ཟེར་ཐད་ཞིབ་ཏུ་མི་དཔྱད་ཐབས་མེད་བྱུང་བ་ཡིན།
ཐོག་མར་ད་ལྟ་མཐོང་དུ་ཡོད་པའི་ཡིག་ཆའི་ནང་རྭ་རྒྱ་དགོན་པའི་སྐོར་གསལ་བའི་ཡིག་ཆ་རྙིང་ཤོས་ནི་ཕལ་ཆེར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་དང་།
ཁོང་གིས་མཛད་པའི་རྭ་རྒྱའི་གཞི་བདག་ཨ་མྱེས་ཁྱུང་མགོན་གྱི་གསོལ་མཆོད་ཡིན། པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་རྒྱ་ཡུལ་དུ་ཕེབས་ཐེངས་ཕྱི་མ།
སྤྱི་ལོ་༡༧༧༩ ལོར་ཨ་རིག་དགེ་བཤེས་ཆེན་མོ་དང་། ཇུན་ཝང་ངག་དབང་དར་རྒྱས། ཨ་རིག་བེ་ཅིང་རྡོ་རྗེ་ཚེ་བརྟན།
དཔོན་པོ་གསེར་ཅན་ཟེར་བ་སོགས་མཚོ་སྔོན་སྟོད་བར་དུ་ཆིབས་བསུར་བཅར་ཡོད་པ་དང་། སྐབས་དེའི་རྣམ་ཐར་ནང་།
ཨ་རིག་དགེ་བཤེས་ཨེར་ཏེ་ནི་མེར་མཁན་པོ། དཔོན་པོ་གསེར་ཅན་སོ་སོ་ནས་དངོས་འབུལ་བསྟར། ཨ་རིག་བདེ་ཆེན་དགོན་གྱི་ཁྲི་པ་དང་།
སྤྱི་སོ་གྲྭ་མང་སོགས་ནས་ཀྱང་དངོས་འབུལ་བཏེག ཞེས་དང་། དེའི་གཤམ་དུ། ཨ་རིག་དགོན་བདེ་ཆེན་ཆོས་རྫོང་གི་བླ་གྲྭ་ཐུན་མོང་ནས་དངོས་འབུལ་བསྟབས།
ཞེས་དང་། ཡང་དེའི་གཤམ་དུ། ཨ་རིག་དགེ་བཤེས་ཀྱི་དགོན་པར་ཇ་སྦག་བརྒྱད། དངུལ་རྟ་རྨིག་མ་གཅིག སྦྱོར་འཇགས་སུ་ཐུབ་པའི་སྣང་བརྙན་ཆེ་བ། འཁྲུངས་རབ་བཅུ་གསུམ་གྱི་བྲིས་ཐང་།
མཆོད་རྟེན་དང་མཎྡལ་གསུམ་རེ། དྲིལ་བུ་རྡོར་བཅས་དང་། སྦུག་ཆལ་ཆ་བཞི་རེ་རྣམས་དང་་་་་ཞེས་སོགས་གསལ་ཡོད།
རྣམ་ཐར་འདིའི་ནང་ཨ་རིག་བདེ་ཆེན་དགོན་དང་། ཨ་རིག་བདེ་ཆེན་ཆོས་རྫོང་དགོན།
ཨ་རིག་དགེ་བཤེས་ཀྱི་དགོན་པ་ཞེས་གསུམ་ཡོད་པ་ལས། ཨ་རིག་བདེ་ཆེན་དགོན་དང་ཨ་རིག་དགེ་བཤེས་ཀྱི་དགོན་པ་ཞེས་པ་གཉིས་གཅིག་ཡིན་པར་རྟོགས་ཐུབ་ལ།
ཨ་རིག་བདེ་ཆེན་དགོན་ཞེས་པའི་སྐབས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་ཡར་འབུལ་བ་བཏེགས་པའི་སྐོར་དང་།
ཨ་རིག་དགེ་བཤེས་ཀྱི་དགོན་པ་ལ་ཟེར་བའི་སྐབས་མར་གནང་སྦྱིན་བྱས་པའི་སྐོར་རེད། འོན་ཀྱང་།
ཨ་རིག་བདེ་ཆེན་ཆོས་རྫོང་དགོན་ཞེས་པ་དེ་གང་ཡིན་གསལ་བོར་མ་ངེས་མོད། མདོ་སྨད་ཆོས་འབྱུང་དུ་བྱ་བྲལ་རབ་འབྱམས་པ་བསོད་ནམས་ཀྱིས་ཕྱག་བཏབ་པའི་ནགས་རྡོ་རྗེ་རྫོང་དགོན་པ་ཞེས་པ།
ཕྱིས་སུ་སྦྲ་ནག་གིས་གཏོར་བ་དེ་ཡིན་པར་སྙམ། འོ་ན། ཨ་རིག་བདེ་ཆེན་དགོན་པ་ཞེས་པ་དེ་རྭ་རྒྱ་དགོན་པ་ཡིན་པར་ཅི་ལྟར་ཤེས་ཟེར་ན།
རྭ་རྒྱ་དགོན་པའི་གཞི་བདག་ཨ་མྱེས་ཁྱུང་མགོན་གྱི་གསོལ་མཆོད། ཟག་མེད་བདུད་རྩི་མ་ཞེས་པ་དེ་པཎ་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པ་ཡིན་ལ།
ཁོང་གི་གསུང་འབུམ་དུ་འཁོད་པའི་གསོལ་མཆོད་དེའི་མཛད་བྱང་ནང། བདེ་ཆེན་དགོན་གྱི་རྒྱབ་རི་ལ་གནས་པའི་གཞི་བདག་ཆེན་པོ་ལ་བསང་མཆོད་འདི་ལྟ་བུ་ཞིག་དགོས་ཞེས་སེ་ར་ཇ་བྲལ་ཁང་གི་སྐུ་སྐྱེས་བཀྲ་ཤིས་ཕུན་ཚོགས་དང་།
དགེ་སློང་འཕྲིན་ལས་དར་རྒྱས་གཉིས་ཀྱིས་བསྐུལ་བ་ལྟར་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་བ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།
།
ཞེས་གསལ་བ་འདིས་སྐབས་དེར་རྭ་རྒྱ་དགོན་པར་བདེ་ཆེན་དགོན་ཞེས་འབོད་ཀྱི་ཡོད་པ་གསལ་བོར་ཤེས་ཐུབ་པ་མ་ཟད།
དེ་ཡང་དགོན་པ་འདི་བཏབ་ནས་ཆེར་མ་འགོར་བའི་སྐབས་སུ་ཡིན་འདུག་སྟེ། ཤིང་བཟའ་པཎྜི་ཏའི་མཚན་ལ་ཡོངས་གྲགས་སུ་བློ་བཟང་དར་རྒྱས་རྒྱ་མཚོ་ཟེར་ཞིང་།
བཀྲ་ཤིས་ཕུན་ཚོགས་ནི་བསྙེན་པར་མ་རྫོགས་སྔོན་གྱི་མཚན་ཡིན། ཤིང་བཟའ་པཎྜི་ཏ་བསྙེན་པར་རྫོགས་དུས་ནི་ཕལ་ཆེར་སྤྱི་ལོ་༡༧༧༩
ལོ་ཡས་མས་སུ་ཁེལ་ཏེ། རྣམ་ཐར་ནང་མཚམས་ཤིག་པཎ་ཆེན་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་རྒྱུ་ཡིན་པ་གསན་ནས་ཞབས་ཐང་དུ་གཙང་དུ་བྱོན་ཏེ་བསྙེན་རྫོགས་ཞུས་ཤིང་།
བཀྲ་ཤིས་ཕུན་ཚོགས་ཞེས་པ་དེ་ཆོས་མིང་མིན་པ་འདྲ་བས་ད་ནས་བཟུང་བློ་བཟང་དར་རྒྱས་རྒྱ་མཚོ་ཞེས་གནང་བར་གསལ་བས།
གོང་གི་གསོལ་མཆོད་དེ་ཤིང་འཟའ་པཎྜི་ཏའི་མཚན་ལ་བློ་བཟང་དར་རྒྱས་རྒྱ་མཚོར་མ་གསོལ་བའི་སྔོན་དུ་རྩོམ་སྐུལ་བྱས་པ་རྟོགས་ཐུབ་པ་ཡིན།
རྩོམ་སྐུལ་བྱས་པའི་དུས་ཚོད་ནི་ཕལ་ཆེར་སྤྱི་ལོ་༡༧༧༥ ལོ་སྟེ་རྭ་རྒྱ་དགོན་པ་བཏབ་ནས་ལོ་ངོ་དྲུག་ཡས་མས་ཀྱི་མཚམས་ཡིན་ངེས་ཏེ།
ལོ་དེར་ཤིང་བཟའ་ཚང་དབུས་སུ་སློབ་གཉེར་ལ་ཕེབས་ཤིང་། དབུས་སུ་ཕེབས་པའི་ལོ་དེར་པཎ་ཆེན་དཔལ་ལྡན་ཡེ་ཤེས་མཇལ་དུ་གཙང་ལ་ཕེབས།
གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཞུས་པ་སོགས་རྣམ་ཐར་དུ་འདུག་པས་སྐབས་དེར་རྩོམ་སྐུལ་ཞུས་པ་ཡིན་ཚོད།
འོ་ན་སྐབས་དེར་རྭ་རྒྱ་དགོན་པའི་མཚན་ལ་བདེ་ཆེན་དགོན་པ་ཞེས་འབོད་ཀྱི་ཡོད་ན།
མདོ་སྨད་ཆོས་འབྱུང་དུ་བཀྲ་ཤིས་ཀུན་བདེ་གླིང་ངམ། བཤད་སྒྲུབ་བྱམས་པ་གླིང་། ཕྱིས་སུ་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་གྲགས་ཞེས་པ་ཇི་ལྟར་ཡིན་ཟེར་ན།
བཤད་ཚུལ་འདི་ནི་མདོ་སྨད་ཆོས་འབྱུང་ཁོ་ན་ལས་ཡིག་ཆ་གཞན་གཅིག་ནས་ཀྱང་མ་མཐོང་བས། རྭ་རྒྱ་དགོན་པ་ལ་བཤད་སྒྲུབ་བྱམས་པ་གླིང་དང་།
བཀྲ་ཤིས་ཀུན་བདེ་གླིང་ཟེར་བ་འདི་འདྲ་ཐོགས་མྱོང་མིན་ལ་ཡང་ཐེ་ཚོམ་དུ་གྱུར། རྒྱུ་མཚན་ནི་ཨ་རིག་དགེ་བཤེས་ཆེན་མོས་མཛད་པའི་རྭ་རྒྱའི་བཅའ་ཡིག་དང་།
དགོན་རོང་དགེ་བཤེས་ངག་བསྟན་པས་མཛད་པ་ཤིང་བཟའ་པཎྜི་ཏའི་རྣམ་ཐར། རྗེ་གསེར་ཁང་པའི་རྣམ་ཐར་ཆེ་ཆུང་།
རྭ་རྒྱའི་བཀའ་འགྱུར་དཀར་ཆག་སོགས་དགོན་པ་འདིའི་ཡིག་ཚང་རྙིང་ཤོས་གང་ན་ཡང་དེ་འདྲའི་ཟུར་ཙམ་ཡང་མ་ཐོན།
འོ་ན་མདོ་སྨད་ཆོས་འབྱུང་དུ་ཅིའི་ཕྱིར་དེ་འདྲ་བྲིས་ཞེ་ན། སྐབས་དེར་བོད་ཡུལ་གྱི་དགོན་པ་ཚང་མས་རང་རང་གི་དགོན་པ་དེ་བཀའ་མདོ་རྒྱུད་དམ།
བཀའ་གདམས་ཕ་ཆོས་བུ་ཆོས་གང་རུང་ནས་ལུང་བསྟན་ཡོད་ཚུལ་ལ་འབད་པ་ཤུགས་ཆེར་བསྟེན་བཞིན་པའི་སྐབས་ཤིག་ཡིན་ལ།
ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་ཞིག་ཏུའང་བླ་བྲང་བཀྲ་ཤིས་འཁྱིལ་དང་རྭ་རྒྱ་བཀྲ་ཤིས་འབྱུང་གནས་གཉིས་ལས་གང་ཞིག་བཀའ་གདམས་གླེགས་བམ་གྱི་ལུང་བསྟན་དང་འབྱོར་ཚུལ་ལ་གསལ་བཤད་ཀྱང་གནང་འདུག་པ་ལྟར།
ཨ་རིག་དགེ་བཤེས་ཆེན་མོའི་དགོངས་པར། རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཞེས་པ་དེ་བཀའ་གདམས་གླེགས་བམ་གྱི་ལུང་གིས་ཟིན་པར་བཞེད་ནས་དེ་ལྟར་བཏགས་པ་ལ།
ལུང་གིས་ཟིན་པའི་གནས་ནི་གཅིག་ལས་གཞན་དུ་ཡོད་པར་མི་འདོད་པ་ཚོས་ཅི་ཐབས་ཀྱིས་འགྲེལ་ཚུལ་གཞན་དུ་འདྲེན་པར་འབད་ཅིང་།
མདོ་སྨད་ཆོས་འབྱུང་དུ། ཤིང་བཟའ་ཞེས་པ་རྗེ་རིན་པོ་ཆེའི་མ་ཡུམ་ཤིང་བཟའ་ཨ་ཆོས་ཀྱི་ཤིང་བཟའ་མིན་པར་ཨ་རིག་གྲུ་ཤིང་བཟོ་བའི་ཤིང་བཟོ་ཡིན་པར་འགྲེལ་བ་དང་།
ཨ་རིག་དགེ་བཤེས་ཆེན་མོའི་ལྷ་རམས་དམ་བཅའ་སྐབས་སུ་ཁས་ལེན་ཇི་ལྟར་ཤོར་ཚུལ་ཞིབ་རྒྱས་སུ་བཤད་པ་རྣམས་ཀྱང་འདི་དང་རིགས་འདྲ་བས་ཡིད་རྟོན་འོས་པ་ཅི་ཡང་མ་མཐོང་ངོ་།
།
རྒྱུ་མཚན་ནི། མདོ་སྨད་ཆོས་འབྱུང་དེ་སྤྱི་༡༨༣༣ ལོར་མགོ་བརྩམས་ནས་༡༨༦༥
ལོར་མཇུག་གྲུབ་པར་བཤད་པ་ལྟར་ན། དེའི་སྔོན་ནས་གྲུབ་པའི་རྭ་རྒྱའི་བཅའ་ཡིག་དང་། བཀའ་འགྱུར་དཀར་ཆག་སོགས་གང་ནའང་དེ་འདྲའི་སྒྲོས་ཙམ་ཡང་མི་སྣང་བ་མ་ཟད།
བཀའ་འགྱུར་དཀར་ཆག་ཏུ། པཎ་ཆེན་རིན་པོ་ཆེའི་ཐུགས་དམ་བརྟག་པར་བབས་པའི་དོན་བཞིན། རབ་བྱུང་བཅུ་གསུམ་པའི་ས་མོ་གླང་ལོར་དགོན་སྡེ་བཏབ་ནས་བཀའ་གདམས་གླེགས་བམ་གྱི་ལུང་དང་བསྟུན་ཏེ།
དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་མིང་བཏགས་ནས་་་་ཞེས་གསལ་ཡོད་ལ། དཀར་ཆག་གི་ལུང་འདིས། ཡིག་ཆ་གཞན་དག་ན་དགོན་པ་འདིའི་མིང་གི་རྣམ་གྲངས་སུ་བྲིས་པ་ཐམས་ཅད་རང་བཟོའི་འཁྲུལ་གཏམ་འབའ་ཞིག་ཏུ་ཐག་གིས་ཆོད་དོ།
།
འོན་ཀྱང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་དང་།
གཞི་བདག་ཁྱུང་མགོན་གྱི་གསོལ་མཆོད་མཇུག་བྱང་ནས་བྱུང་བའི་བདེ་ཆེན་དགོན་པ་ཞེས་པ་དེར་བསམ་པར་བྱ་བ་འགའ་ཡོད་དེ།
གཅིག་བྱས་ན་བདེ་ཆེན་དགོན་པ་ཞེས་པ་དེ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཉིད་ནས་གནང་བ་ཡིན་ཀྱང་སྲིད་མོད།
དགོན་པ་ཕྱག་འདེབས་པ་པོས་ཐོག་མ་ནས་རྒྱུ་མཚན་ཁྱད་པར་ཅན་ལ་བལྟས་ཏེ་མིང་བཏགས་ཟིན་པས། རིམ་བཞིན་ཡོངས་གྲགས་མ་བྱུང་བ་འདྲ།
དཔེར་ན། སྐབས་དེར་པཎ་ཆེན་རིན་པོ་ཆེ་སྐུ་འབུམ་དུ་བཞུགས་སྐབས་གཙང་པཎྜི་ཏས་བཅའ་ཡིག་རྩོམ་སྐུལ་བྱས་པར་གསལ་ལ།
དེར་ཡང་། གཙང་སྐུ་སྐྱེས་གསར་སྐྲུན་ཆོས་སྡེ་ལེགས་བཤད་གླིང་གི་བཅའ་ཡིག ཅེས་གསལ་ཡོད། འོན་ཀྱང་། གཙང་དགོན་པའི་མཚན་ལ་ཡོངས་གྲགས་སུ་གཙང་དགོན་དགའ་ལྡན་དོན་གྲུབ་རབ་བརྟན་གླིང་ཞེས་འབོད་པ་ལས།
ལེགས་བཤད་གླིང་ཞེས་བྲིས་པ་མཐོང་དུ་མེད། དེས་ན་བདེ་ཆེན་དགོན་དང་ལེགས་བཤད་གླིང་གཉིས་ཀ་པཎ་ཆེན་རིན་པོ་ཆེ་ཉིད་ཀྱིས་གནང་ཡང་།
རིམ་གྱིས་ཐོག་མའི་མིང་རང་འཇགས་བྱུང་སྟེ་གོང་ནས་གནང་བ་དེ་ཡིག་ཆ་སོགས་སུ་འཁོད་པ་ཉུང་བས་མི་རྣམས་ཀྱི་དྲན་ཡུལ་ལས་འདས་པ་ཡིན་ནམ་སྙམ་ལ།
ད་དུང་བསམ་པར་བྱ་དགོས་པ་གཞན་ཡང་ཡོད་དེ། སྔར་ཨ་རིག་དགེ་བཤེས་ཆེན་མོས་དགོན་པ་གསར་འདེབས་སྐབས་ཨ་མྱེས་ཀེ་ཐོའི་རྩར་གུར་དགོན་ཆུང་ངུ་ཞིག་ཡོད་པ་རྨང་གཞིར་བྱས་ཏེ་རྭ་རྒྱ་དགོན་པ་བཏབ་པར་ངག་རྒྱུན་ན་ཡོད་པས།
གཅིག་བྱས་ན་བདེ་ཆེན་དགོན་ནི་ཀེ་ཐོའི་གུར་དགོན་གྱི་མིང་ཡིན་ནམ་ཡང་སྙམས་ཏེ། བདེ་ཆེན་དགོན་ཞེས་པའི་མིང་དེ་ཡིག་ཐོག་ཏུ་མངོན་པའི་ཡིག་ཆ་སྔ་ཤོས་གཞི་བདག་ཁྱུང་མགོན་གྱི་གསོལ་མཆོད་ཀྱི་མཇུག་བྱང་ཡིན་ལ།
དེ་ནི་རྭ་རྒྱ་དགོན་པ་བཏབ་ནས་ལོ་ངོ་དྲུག་གི་མཚམས་དང་། དེའི་རྗེས་མ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་ཡིན་ལ།
མཚམས་དེའི་རྣམ་ཐར་ས་བོན་ནི་སྤྱི་ལོ་༡༧༧༩ ལོར་བཏབ་པ་ཡིན་ངེས་པས། སྐབས་དེར་ཡང་རྭ་རྒྱ་དགོན་པ་བཏབ་ནས་ལོ་ངོ་བཅུ་ཙམ་ལས་མ་སོང་ན།
དགོན་པ་གསར་པའི་མིང་དེ་ད་དུང་ཡོངས་གྲགས་བྱུང་མེད་པས། ཐོག་མའི་རྨང་གཞིར་གྱུར་བའི་ཀེ་ཐོའི་གུར་དགོན་གྱི་མཚན་དེ་ག་རང་བྲིས་པའང་ཡིན་སྲིད་སྙམ་པ་བཅས་སོ།
།
ཝང་བཀྲ་ཤིས་འབྱུང་གནས་རྭ་རྒྱར་ཡུན་རིང་བསྡད་པས་རྭ་རྒྱ་དགོན་པའི་མིང་བཀྲ་ཤིས་འབྱུང་གནས་སུ་བཏགས་ཞེས་པ་ནི།
ངོ་ཚ་བྲལ་བའི་རྫུན་གཏམ་རང་ཡིན་ཏེ། ཁོ་ལས་མི་རབས་གཅིག་གིས་སྔ་བའི་ཡིག་ཆ་སྟེ་ཨ་རིག་དགེ་བཤེས་ཆེན་མོས་མཛད་པའི་བཅའ་ཡིག་ཏུ་ཆོས་སྡེ་ཆེན་པོ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཞེས་གསལ་ཡོད་ལ།
དགེ་བཤེས་ཆེན་མོ་ནི་སྤྱི་ལོ་༡༨༠༣ ལོར་སྐུ་གཤེགས་པ་ཡིན། འདི་ལས་མཐོང་ཐུབ་པ་ནི་དེབ་ཐེར་མེས་པོའི་ཞལ་ལུང་སོགས་རང་རེའི་ལོ་རྒྱུས་ཡིག་ཆ་ཁག་གི་རིན་ཐང་ཡིན་ལ།
གནའ་རབས་ཀྱི་ཡིན་ཚུལ་དང་། ཁུངས་ཐུབ་ཡིན་རབས་ཀྱི་ཡིག་ཆའི་ནང་འཁོད་པ་ཐམས་ཅད་བདེན་པར་རློམ་སྟེ།
ཁུངས་སུ་འདྲེན་ཅི་ཐུབ་བྱེད་པ་ནི་རང་ཉིད་བླུན་པོར་སྒྲོག་པ་དང་། ལོ་རྒྱུས་ཀྱི་ཡིག་ཚང་དྲི་མ་ཅན་དུ་བསྒྱུར་བ་ཙམ་མོ།
།
སྤྱིར་ན་དོན་དངོས་བོར་བའི་རྫུན་གཏམ་ཡོད་ཚད་ལ་གསལ་བཤད་བྲིས་པས་རྫོགས་མཐའ་མི་འདུག་མོད།
དེང་སྐབས་རྫུན་རྔ་རྫུན་གྱིས་བཀབ་སྟེ། དོན་དངོས་དང་མཐུན་པའི་ཡིག་ཚང་ཆེས་ཉུང་ངུ་ཞིག་ཡོད་པ་དག་ཀྱང་མག་མོག་ཏུ་བསྒྱུར་བཞིན་པ་དང་།
རང་རེའི་ཡུལ་གྱི་ལོ་རྒྱུས་སུ་གྲགས་པའི་ཡིག་ཆ་གསར་པ་དག་ཀྱང་། ཡིག་ཚང་ཚད་ལྡན་གྱི་ཁུངས་མེད་པ།
རྒྱུ་མཚན་རྣམ་དག་གིས་རིགས་འདེད་བོར་བ། སྐབས་དོན་དུས་རབས་ཀྱི་རྒྱབ་ལྗོངས་བྲལ་བ། ལོ་ཚིགས་སྔ་ཕྱིའི་བང་རིམ་སྤངས་པ་སོགས་ལོ་རྒྱུས་ཀྱི་འོས་ཆོས་ཐམས་ཅད་ཀུན་ནས་དབེན་ཞིང་།
ཐ་ན་ཡིག་ལོག་བརྡ་ལོག་ཙམ་ཡང་བསལ་མ་ཐུབ་པའི་ཉོག་རྫོབ་འབའ་ཞིག་ཏུ་མཐོང་བས། དོན་གནད་རེ་འགའ་ལ་གསལ་བཤད་མི་བྱ་ཐབས་མེད་བྱུང་བ་ཡིན་ནོ།
།
སྤྱི་ལོ་༢༠༡༨ ལོའི་༥ ཚེས་༡༣ ཉིན།
|