༄༅།།བོད་སྐད་ཡིག་དང་བླངས་པའི་༢༠༡༨ལོའི་ཐེངས་ལྔ་བའི་དུས་ཐུང་ཟབ་སྦྱོང་བདེ་ལེགས་ངང་མཇུག་སྒྲིལ།
བོད་སྐད་ཡིག་དང་བླངས་པས་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་བོའི་ཚེས་བཅུའི་ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་དགོན་པའི་སློབ་གྲྭ་རུ་བོད་རྒྱ་དབྱིན་གསུམ་ཟབ་སྦྱོང་བསྡུ་བའི་གྲ་སྒྲིག་མིང་ཐོ་བཀོད། རྭ་རྒྱ་གྲོང་རྡལ་གཙོས་རྫོང་ཁུལ་སོ་སོ་ནས་ཡོང་བའི་སློབ་མ་བརྒྱད་བརྒྱ་ཡས་མས་ཤིག་འདུས་པ་དངོས་གཞི་འཛིན་གྲྭ་སོགས་དྲུག་ཏུ་བསྒོས་པ་མ་ཟད། དེར་མ་གཏོགས་པའི་སློབ་ཆེན་པ་སྐོར་ཞིག་ལའང་སྒྲ་དང་དབྱིན་ཡིག་ཟུར་ཁྲིད་བྱས།
དངོས་གཞི་འཛིན་གྲྭ་གཅིག་དང་། དམའ་རིམ་འཛིན་གྲྭ་གཅིག འབྲིང་རིམ་འཛིན་གྲྭ་གཉིས། མཐོ་གཅིག་འཛིན་གྲྭ་དང་མཐོ་གཉིས་འཛིན་གྲྭ་བཅས་ཁྱོན་འཛིན་གྲྭ་དྲུག་ལ་ཡི་གེ་སྦྱོར་ཀློག་དང་ཐོབ་ཐང་ངོས་འཛིན། དག་ཡིག་སློབ་དེབ། སུམ་ཅུ་བ་དང་རྟགས་འཇུག སྙན་ངག འབྲིང་རྒྱུགས་ཀྱི་ཁ་ཕྱོགས། རྒྱ་ཡིག་དང་རྩིས་རིག དབྱིན་ཡིག་བཅས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཁྲིད་གཞི་གཙོར་བྱས་ཏེ་འཛིན་གྲྭ་སོ་སོར་འོས་ཤིང་འཚམས་པའི་འཆར་ཅན་བསླབ་གཞིའི་སྟེང་ལྷག་བསམ་རྣམ་པར་དག་པས་ཟབ་ཁྲིད་ཀྱི་སྤྱི་ཕན་བྱ་འགུལ་སྤེལ།
ཉིན་ཉེར་ལྔའི་འཆར་ཅན་ཟབ་སྦྱོང་གི་དཀྱིལ་དུ་སྤྱི་མཐུན་བགྲོ་གླེང་ཚོགས་འདུ་ཐེངས་བརྒྱད་པ་ཡང་བོད་སྐད་ཡིག་དང་བླངས་པས་འགོ་འཛིན་བྱས་ཏེ་གནས་དེ་ཉིད་དུ་སྡེ་ཁག་སོ་སོའི་འཐུས་ཚབ་མི་སྣ་བཞི་བཅུ་ལྷག་འདུས་ཤིང་། འཛིན་གྲྭ་སོ་སོར་གཟིགས་ཞིབ་དང་སློབ་མ་ཚོར་སློབ་གསོ་ཕྲན་བུ་རེ་གནང་རྗེས་ཐོག་མཐའ་བར་གསུམ་ལ་བཀྲ་ཤིས་པ་བྱུང་།
དགེ་རྒན་དང་ལས་བཟོ་བ་སྦྱིན་བདག་བཅས་མི་སྣ་ཉི་ཤུ་ལྷག་གིས་གཙོས་ཁྱིམ་བདག་མང་ཚོགས་ཀྱི་རེ་བ་དང་ཡིད་ཆེས་ཀྱིས་བརྟས་པའི་སྟོབས་དང་། ཐུན་མོང་གིས་དང་བླངས་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་འགྲིག་འགྲིག་ལེགས་ལེགས་གཅིག་བུས་རྒྱུགས་ལེན་དང་སྦྱངས་འབྲས་འབུར་ཐོན་གྱི་སློབ་མ་དཔེ་ལེགས་ཅན་དག་ལ་གཟེངས་བསྟོད་བྱ་དགའ་ཕུལ་བའི་མཛད་སྒོ་ཡང་སྤྱི་ཟླ་གཉིས་པའི་ཚེས་གསུམ་ཉིན་གྱི་སྔ་དྲོར་ལེགས་པར་མཇུག་གྲུབ་སོང་ལ། དུས་ཐུང་ཟབ་སྦྱོང་སྒྲུབ་ཀྱིན་པའི་ཐད་ལ་ལྟ་སྟངས་དང་བསམ་ཚུལ་འདྲ་མིན་སྣ་ཚོགས་ཤིག་མཆིས་ཀྱང་།
ཐེངས་འདིའི་ང་ཚོའི་འཛིན་གྲྭ་སོ་སོའི་སློབ་མ་དག་གིས་རང་བསམ་གྱིས་ཉྭ་གུག་གུག་དང་མགོ་སྒུར་སྒུར་གྱིས་ལག་ཁ་བཏགས་དང་བཅས་དགེ་རྒན་དང་སྦྱིན་བདག་གཙོས་ལས་ཀ་འདིར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་རོགས་འདེགས་གནང་མཁན་ཡོངས་ལ་བཀའ་དྲིན་ཞུ་ཚུལ་འདིས་ཀྱང་སྨྲ་བའི་ངལ་བ་ལ་མ་བརྟེན་པར་མང་བོ་ཞིག་གསལ་བཤད་བྱས་ཡོད་པས་ང་ཚོ་སྔར་བཞིན་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་ནས་མདུན་དུ་བསྐྱོད་པའི་ཆོད་སེམས་མི་འགྱུར་རྡོ་རྗེའི་རང་ཁམས་སུ་གྲུབ་པ་ལགས་སོ།།

དགེ་རྒན་དང་སྦྱིན་བདག་རྣམ་པའི་མཉམ་པར།

སྤྱི་མཐུན་ཚོགས་འདུ་ཐེངས་བརྒྱད་པ་ཚོགས་བཞིན་པ།

རྒྱུགས་འབྲས་འབུར་དུ་ཐོན་པའི་སློབ་མར་བྱ་དགའ་འབུལ་བ།

རྒྱུགས་འབྲས་འབུར་དུ་ཐོན་པའི་སློབ་མར་བྱ་དགའ་འབུལ་བ།

བྱ་དགའ་ཐོབ་པའི་སློབ་མ་ཡོངས་དང་གདན་ཞུའི་དགེ་རྒན་རྣམ་པ།
ཐེངས་འདིའི་ཟབ་སྦྱོང་ལ་དགེ་རྒན་དང་བླངས་པ་ཤེས་རིག་སློབ་གླིང་གི་སློབ་མ་དགུ་ཡོད།
རྭ་རྒྱ་འཇམ་དབྱངས། སྐབས་བཅུ་གཉིས་པ། མགར་འོད་ལྡན། སྐབས་བཅུ་གཅིག་པ། འབའ་གཞུང་འཇིགས་མེད། སྐབས་བཅུ་གཅིག་པ། གཡང་སྐྱབས་རྡོ་རྗེ། སྐབས་བཅུ་གཉིས་པ། མགོན་པོ་སྐྱབས། སྐབས་བདུན་པ། མ་ཅིག་སྐྱབས། སྐབས་བཅུ་དྲུག་པ། བཀྲ་ཤིས་ཉི་མ། སྐབས་བཅོ་བརྒྱད་པ། རྟ་མགྲིན་སྐྱབས། སྐབས་བཅུ་དགུ་བ། གངས་རི་རྒྱལ་མཚན། སྐབས་ཉེར་གཅིག་པ།
གསར་འགྱུར་མཁོ་སྤྲོད་པ། འབའ་གཞུང་འཇིགས་མེད། གངས་རི་རྒྱལ་མཚན།
|