
༢༠༢༤ལོའི་སྤྱི་ཟླ་༧ཚེས་༧ཉིན་གྱི་ཉི་ཤར་གྱི་ཆ་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྣམ་གསུམ་གཙོ་བྱས་པའི་དགེ་རྒན་ལས་བཟོ་བ་ཡོངས་དང་། ད་ལོའི་སྐབས་ཉེར་བདུན་པའི་མཐར་ཕྱིན་འཛིན་གྲྭ་གཉིས་ཀྱིས་ཐོན་མིའི་འབུམ་གླིང་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་བརྙན་གདན་འདྲེན་ཞུས་ཤིང་། ཐུགས་སྨོན་རྒྱ་ཆེར་གནང་བ་དང་དགེ་སློབ་ཐམས་ཅད་ཀྱིས་མཉམ་དུ་ལྷ་བསང་བཏང་སྟེ་རྒྱལ་ཁའི་ཀི་བསོ་བསྒྲགས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བླ་སྲོག་ལྟ་བུའི་དགེ་རྒན་རྣམ་གསུམ་རྒྱལ་ཁའི་ཞལ་འཛོམས་ཀྱི་དགའ་བ་མཚོན་ཕྱིར་དུ་དགེ་སློབ་ཡོངས་དབྱར་གཞུང་གི་ཕང་བ་ནས་ཉིན་གཅིག་གི་ཁམས་བསང་ལ་རོལ་ཅིང་། དགེ་རྒན་རྣམ་པ་གསུམ་གྱིས་དགེ་སློབ་ལས་བཟོ་བ་ཡོངས་ལ་ཡིད་སེམས་འཁུལ་བའི་གསུང་བཤད་གལ་ཆེན་གནང་། དེ་དང་བསྟུན་ནས་ད་ལོའི་མཐར་ཕྱིན་འཛིན་གྲྭ་གཉིས་ཀྱི་གཞུང་སྒེར་གྱི་ཆེད་དེབ་ཉི་ཤུ་ལྷག་གི་དཔེ་ཚོགས་འགྲེམ་སྤེལ་མཛད་སྒོ་ཡང་རྩྭ་ཐང་ནས་གཟབ་རྒྱས་ངང་སྤེལ།
|