༄༅། །བོད་ཀྱི་དངུལ་ཁབ་རིག་པས་རྒྱལ་ཁམས་བསྐོར་བ།
ཉེ་ཆར་གྱི་སྤྱི་ཟླ་ལྔ་བའི་ཚེས༡༩ཉིན་རྩེ་ཁོག་རྫོང་འཕྲོད་འཆར་ཅུས་དང་རྫོང་བོད་སྨན་ཁང་གིས་མཛོད་དགེའི་སྨན་པའམ་དངུལ་ཁབ་མཁན་པོ་ཚང་ཆེད་དུ་གདན་དྲངས་ནས་བོད་སྨན་རྒྱུད་འཛིན་དར་སྤེལ། སྲོལ་རྒྱུད་གསོ་རིག་དང་བོད་ཀྱི་དངུལ་ཁབ་རིག་པའི་གཞུང་དང་ལག་ལེན་ཟུང་འབྲེལ་གྱི་གསབ་སྦྱོང་འཛིན་གྲྭ་བསྡུས།
གཟའ་འཁོར་གཅིག་ལ་བོད་སྨན་ཁང་གི་འགོ་གཙོ་འབྲུག་རྩེ་རྒྱལ་དང་ཚན་གཙོ་དང་སྨན་ཞབས་པ། སྨན་དོན་ཁང་གི་འབྲེལ་ཡོད་མི་སྣ་དང་མཉམ་དུ་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བླ་སྤྲུལ་མཁན་གསུམ་དང་ལག་ཐོག་སྨན་པ་བཞི་བརྒྱ་ལྷག་ལ་སྔ་དྲོ་སློབ་ཁྲིད་དང་ཕྱི་དྲོ་ལག་ལེན་དམར་ཁྲིད་གནང་བ་མ་ཟད་ཉིན་དེ་དག་གི་རིང་སྒོ་བསྟེན་ནད་པ་དང་ཞག་སྡོད་ནད་པ་༡༨༠ལྷག་ལ་བརྟག་བཅོས་བྱས་པར་སྡོམ་རྩིས་བརྒྱབ་ན་བརྒྱ་ཆའི་དགུ་ཅུ་ཡན་ལ་ཕན་སྐྱེད་ཐོན་པ་དང་སྲིད་གཞུང་འགོ་ཁྲིད་པ་དང་ནད་པ་ནད་མ་མང་བོས་བསྟོད་སྔགས་ཀྱི་མཐེ་བོང་བསྒྲེངས།
ཉིན་དེ་དག་གི་གསབ་སྦྱོང་ཁྲོད་སྨན་པ་མང་བོའི་དམ་བཅས་ཏེ་ཐོགས་ན་སྟབས་བདེ་ཞིང་ཕན་སྐྱེད་མྱུར་བའི་བོད་ཀྱི་དངུལ་ཁབ་རིག་པའི་ལག་རྩལ་འདིས་ས་གནས་མི་སེར་ལ་ཞབས་ཞུ་ནན་མོ་སྒྲུབ་པ་མ་ཟད་ཚགས་དམ་པོའི་སྨན་བཅོས་སྒྲིག་གཞིའི་ལམ་ལུགས་ལ་(县域紧密型医共体)གཞོགས་འདེགས་གང་ལེགས་དང་ནུས་པ་འདོན་སྤེལ་བྱ་རྒྱུའི་རྣམ་པ་བསྟན་པ་མ་ཟད་སྨན་ཁང་གི་གོང་རིམ་ལ་སྙན་ཞུ་ཞུས་ནས་མ་འོང་བ་ན་བོད་ཀྱི་དངུལ་ཁབ་མཁན་པོའི་མན་ངག་རྒྱུད་འཛིན་ཁང་ཞིག་གསར་དུ་འབྱེད་པའི་ཡིག་ཚགས་གྱ་ནོམ་པ་གྲ་སྒྲིག་བྱས།
ཚེས་༢༤ཉིན་གསབ་སྦྱོང་མཇུག་དྲིལ་སྤྱི་སྡོམ་དང་སློབ་མ་རྣམས་ལ་ཡོན་ཀྲང་འབྲུག་རྩེ་རྒྱལ་གྱིས་ཐེངས་འདིའི་གསབ་སྦྱོང་གི་སྒྲིག་ལམ་དང་ཀུན་སྤྱོད། སློབ་སྦྱོང་ལ་ནན་ཏན་བྱས་པས་ཕན་འབྲས་ལ་བསྟོད་བསྔགས་གནང་བ་མ་ཟད་དངུལ་ཁབ་མཁན་པོ་ཚང་གིས་ཐེངས་འདིར་ཞུགས་པའི་དགེ་བཤེས་ཆེན་མོ་སོ་ནག་བརྩོན་འགྲུས་ཚང་དང་འཚོ་འདུ་མཁན་པོ་ཚང་སོགས་སློབ་མ་རྣམས་ལ་ལག་རྟགས་སྤྲད། ད་རུང་ལོ་མང་རིང་ནད་གཞི་ལྕི་མོས་མནར་བའི་རིག་འཛིན་སྒྲོལ་མ་ཁྱིམ་ཚང་གང་བོ་ཡུལ་དངོས་ལ་ཡོང་ནས་དངུལ་ཁབ་མཁན་པོ་ཚང་ལ་བཀའ་དྲིན་བཏང་རག་གི་གསེར་དར་ཕུལ།
དགེ་བཤེས་སོ་ནག་བརྩོན་འགྲུས་ཚང་གིས་སློབ་མ་བཞི་བརྒྱ་ལྷག་གི་ཚབས་བྱས་ནས་དངུལ་ཁབ་མཁན་པོ་ཚང་ལ་བཀའ་དྲིན་ཞུས་པ་མ་ཟད་ཁོང་གིས་གསུངས་དོན། གོང་རིམ་འགོ་ཁྲིད་པ་དང་བོད་སྨན་ཁང་གིས་ཆེད་དུ་དངུལ་ཁབ་མཁན་པོ་ཚང་གདན་ཞུ་གནང་སྟེ་རྩེ་གཞོངས་སྡེ་བཅུའི་འཕྲོད་བསྟེན་སྨན་གྱི་འཐབ་ཕྱོགས་ན་ཡོད་པའི་སྨན་པ་རྣམས་འདིར་ལྷན་འཛོམས་བྱུང་བ་ནི་དངུལ་ཁབ་མཁན་པོ་ཚང་གི་བཀའ་དྲིན་དང་བོད་ཀྱི་དངུལ་ཁབ་རིག་པའི་གཟི་དཔལ་གྱི་འགུག་ཤུགས་རེད། ང་ཚོའི་ལག་ལེན་དང་ཉམས་མྱོང་། ཁོང་གི་ཐུན་མོང་མ་ཡིན་པའི་གདམས་པ་ཟབ་མོ་འདི་དག་དུས་དེ་རིང་ནས་བཟུང་ཆུད་ཟོས་སུ་མི་གཏོང་བར་རང་རང་སོ་སོའི་ལག་ལེན་དང་བཀོལ་སྤྱོད་བྱ་རྒྱུ་ནི་ངའི་སེམས་གཏིང་གི་རེ་བ་ཡིན་ལ་བོད་ཆོལ་ཁ་གསུམ་ནས་ཕེབས་པའི་སྨན་དོན་མི་སྣ་ཡོངས་ཀྱི་གཞན་ཕན་འཕྲིན་ལས་དཀར་པོ་གོང་དུ་འཕེལ་ཞིང་ཁོང་དགེ་རྒན་ཆེན་མོ་བོད་ཀྱི་དངུལ་ཁབ་མཁན་པོ་ཚང་གི་མཛད་འཕྲིན་འོད་སྣང་དཀར་པོ་འཛམ་གླིང་ཡོངས་ལ་ཁྱབ་སྟེ་བོད་ཀྱི་གསོ་རིག་གི་བསྟན་པ་ལ་ཉམ་ང་གོད་ཆགས་མི་འབྱུང་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན། ཞེས་གསུངས། དངུལ་ཁབ་མཁན་པོ་ཚང་ལ་སློབ་མ་རྣམས་ཀྱིས་ཀྱང་བཀའ་དྲིན་མཚོན་པའི་དྲི་མེད་ལྷ་དར་འཐེན་པ་དང་གསབ་སྦྱོང་གི་མཇུག་ལེགས་པར་གྲུབ་པའོ། །







གསར་འཕྲིན་མཁོ་འདོན་པ་འོད་ཚུལ་དང་བསམ་གྲུབ་ཡིན།
|