
བརྗེད་དཀའ་བའི་སློབ་ཆུང་གི་འཚོ་བ།
པདྨ་མཚོ་སྐྱིད། རེ་བའི་མེ་དཔུང་འཛིན་གྲྭ
ཕ་ཡུལ། རེབ་གོང་མདོ་བ།
ངུ་ངག་གི་དབྱངས་རྟ་སྙན་མོའི་འགྲོས་དང་བསྟུན་ཏེ། འཇིག་རྟེན་མི་ཡུལ་འདིར་སླེབས་ནས་ད་ལྟའི་བར་དུ།གཉོམ་ལ་ཕྲ་བའི་ཚེ་སྲོག་གི་གར་སྟེགས་ཆུང་ཆུང་འདིར། བགྲང་དཀའ་བའི་སྐྱེ་བོ་དུ་མ་ཞིག་གི་རྐང་རྗེས་ཡུན་གྱིས་ཕབ་ཅིང་།བརྗེད་དཀའ་བའི་འཚོ་བའི་མངར་སྐྱུར་ཁ་གསུམ་གྱི་བརྒྱུད་ལམ་ཞིག་ཀྱང་གསལ་ལེར་མངོན། འདི་དག་ལས་དགའ་སྐྱོ་འདྲེས་མའི་སློབ་ཆུང་གི་འཚོ་བའི་བརྒྱུད་རིམ་དེས། ངའི་ནང་སེམས་ཀྱི་གཏིང་རིམ་དུ་དུས་རྟག་ཏུ་བརྗེད་ཐབས་མེད་པའི་བག་ཆགས་ཟབ་མོ་ཞིག་བཞག
རང་ལོ་བཅུ་གཅིག་ལ་སོན་པའི་ལོ་དེའི་འབྲུ་དྲུག་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་སྟོན་དུས་ཤིག་ལ། ངས་དྲིན་ཆེན་ཕ་མའི་རེ་བ་དང་སྨོན་འདུམ་རུམ་ནས་སློབ་ཆུང་གི་སྒོ་ཐེམ་ལ་གོམ་པ་དང་པོ་སྤོས་པ་ཡིན། དུས་དེ་ནས་བཟུང་སྟེ། ང་ནི་མ་རབས་པྲ་ཆལ་གྱི་བྱིས་པ་སྣབས་ལུག་ཅིག་ནས་ཕུགས་བསམ་དང་ཡིད་ཆེས་ལྡན་པའི་སློབ་ཆུང་གི་སློབ་མ་ཞིག་ཏུ་གྱུར་ལ། ན་མཉམ་གྱི་སློབ་གྲོགས་དང་དགེ་རྒན་དུ་མ་ཞིག་གི་རྒྱབ་སྐྱོར་དང་གསོ་སྐྱོང་ཐོབ་པས། སློབ་གྲྭ་ནི་རང་ཁྱིམ་ལྟར་དྲོད་ཁོལ་དང་བདེ་སྐྱིད་ལྡན་པ་ཞིག་ཡིན་པ་གཞི་ནས་རྟོགས་ལ། རིམ་གྱིས་འདི་ལྟ་བུའི་མཛེས་སྡུག་གི་ཁོར་ཡུག་ཁྲོད་དུ་ཤེས་བྱའི་གནས་ལ་འབད་བརྩོན་བྱས་ཏེ། སླད་ཀུན་སྤྱོད་ལྡན་པ་དང་ཤེས་ཡོན་འཛོམས་པའི་སློབ་མ་བཟང་བོ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ནི་ངའི་ཡིད་ལ་བཅངས་པའི་ཕུགས་འདུན་ཆེ་ཤོས་དེ་ཡིན་པའང་གཞི་ནས་རྟོགས། འདི་ལྟར་སློབ་ཆུང་ལོ་རིམ་དང་པོ་ནས་བཞི་པའི་བར་དུ་དགེ་རྒན་དག་གི་ཡང་དག་པའི་སློབ་གསོ་དང་། ཕ་མ་གཉིས་ཀྱི་རྒྱབ་སྐྱོར། ཁྱད་པར་དུ་རང་ཉིད་ཀྱིས་སློབ་སྦྱོང་གི་ཕྱོགས་ལ་འབད་འབུངས་གང་མང་ཞིག་བྱས་མཐར་འབྲས་བུའང་ཉམས་དགའ་བ་ཞིག་བླངས་ལ། རང་ཉིད་ཀྱི་བརྩོན་པ་ལས་ཐོབ་པའི་བྱ་དགའི་རྟགས་མ་རེ་རེ་དང་། ཕ་མ་གཉིས་ཀྱི་དགའ་བ་སྤྲོ་བས་མྱོས་པའི་འཛུམ་མདངས་དེ་མཐོང་ཐེངས་རེ་རེར། ང་ལ་མུ་མཐུད་དུ་བརྩོན་པ་བྱས་ནས་ཕ་མའི་སེམས་ཀྱི་བུ་ཕྲུག་བཟང་བོ་དང་། དགེ་རྒན་གྱི་སྙིང་གི་སློབ་ཕྲུག་བཟང་བོར་འགྱུར་བའི་རེ་བ་དང་ཡིད་ཆེས་ཆེས་ཆེར་ལྡན། དེ་ལྟར་ལོ་རིམ་བཞི་པའི་སློབ་མཇུག་གི་རྒྱུགས་ལེན་དུས། འཛིན་གྲྭའི་ནང་ནས་ཨང་རིམ་དང་པོར་སླེབས་པས་དགའ་འོས་པའི་འབྲས་རྟགས་བླངས་ཏེ་རང་ཡུལ་དུ་དབྱར་གནང་རོལ་བར་ལོག་པ་ཡིན།
ཟླ་བ་གཉིས་ཙམ་འགོར་རྗེས། སློབ་མགོ་ཚོགས་པར་མགོ་བརྩམས་བྱུང་། ང་རང་ཉིད་ཀྱིས་བརྩོན་པའི་རྔུལ་ཁྲག་ཕངས་མེད་གཏོར་སའི་མ་ཡུམ་སློབ་གྲྭའི་སྒོ་ཁ་རུ་འགྲེང་དུས། ངའི་སེམས་ལ་སྨྲ་མི་ཤེས་པའི་དགའ་བ་དང་སྤྲོ་བས་ཁེངས་ལ། དུས་མཚུངས་གཞན་སུའང་བརྗོད་མི་འདོད་པའི་གཏམ་ངན་ཞིག་མི་བརྗོད་ཀ་མེད་བྱུང་སོང་། དེ་ནི་ང་རང་མ་ཡུམ་སློབ་གྲྭ་དང་ཁ་མི་འབྲལ་ཀ་མེད་བྱུང་བ་དེ་རེད། འོན་ཀྱང་དགའ་འོས་པ་ཞིག་ལ་ང་རང་མཚན་སྙན་ཀུན་ལ་གྲགས་པའི་གངས་ལྗོངས་འཇིགས་མེད་རྩྭ་ཐང་བུ་མོའི་སློབ་གྲྭའི་ནང་དུ་ཞུགས་ཐུབ་སོང་། ང་རང་སློབ་གྲྭར་ཞུགས་རྗེས། ངས་མོ་རང་ཚོའི་བླ་མེད་ཀྱི་ཀུན་སྤྱོད་ཡག་པོ་དེ་ལ་སློབ་སྦྱོང་དང་། ཕ་མ་དང་ཤ་ཉེའི་རེ་བ་ལྟར་སློབ་སྦྱོང་ལ་འབད་འབད་འབུངས་འབུངས་བྱས་ནས་ལོ་ཡི་དུས་འཁོར་སྐད་ཅིག་སྐད་ཅིག་ཏུ་འདས།
ལོ་དྲུག་གི་སློབ་ཆུང་གི་འཚོ་བ་མཇུག་རྫོགས་ལ་ཉེ་བའི་མཐར་ཕྱིན་སློབ་མ་ཞིག་གི་ངོས་ནས་བརྗོད་ན། ད་ནི་སློབ་སྦྱོང་ལ་ཧུར་བརྩོན་བྱས་ནས་མ་ཡུམ་སློབ་གྲྭ་གཉིས་པར་རྐང་རྗེས་གསལ་བོ་ཞིག་དང་། དགེ་རྒན་གྱི་སེམས་ལ་བག་ཆགས་བཟང་བོ་ཞིག་འཇོག་པའི་ཆེས་བཟང་བའི་སྐུལ་མ་ཞིག་ཀྱང་ཡིན་པར་སེམས། དེ་ལྟར་བྲེལ་འཚུབ་དང་གནོན་ཤུགས་ལྕི་བའི་མཐའ་མཇུག་སློབ་སྐབས་དེ་ཡང་གཞི་ནས་མཇུག་རྫོགས་ཤིང་། རང་ཉིད་ཀྱི་བརྩོན་པ་དང་འབད་འབུངས་ལ་བརྟེན་ནས་ཐོབ་པའི་གཡུར་ཟའི་འབྲས་བུ་ཁྱེར་ཏེ། དམའ་འབྲིང་གི་འཚོ་བ་གསར་བ་ཞིག་རོལ་དུ་བསྐྱོད།
རེད་ཡ། ངའི་མི་ཚེ་ཧྲིལ་བོའི་ཆ་ཤས་སམ། ཕྱིར་དྲན་དུ་གྱུར་ཟིན་པའི་སློབ་ཆུང་གི་འཚོ་བའི་ཁྲོད། ངས་རང་ཉིད་ཀྱི་བརྩོན་པར་བརྟེན་ནས་རྒྱལ་ཁའི་དར་ཆ་མཐོན་པོར་བསྒྲེངས་མྱོང་ལ། སེམས་སྡུག་གི་མིག་ཆུའང་ཤོར་མྱོང་། གང་ལྟར། དེ་དག་ཡོད་ཚད་ད་ལྟའི་བདག་ལ་མཚོན་ན། ཡོད་ཚད་ཕྱིར་དྲན་ཙམ་མོ། །འོན་ཀྱང་། ལན་རེར་རང་ཉིད་མཐར་ཕྱིན་པའི་སློབ་ཕྲུག་ཅིག་གི་ངོས་ནས་འདས་ཟིན་པའི་མངར་སྐྱུར་ཁ་གསུམ་ཡོད་ཚད་གློག་བརྙན་ལྟར་སེམས་ངོར་ཤར་འོང་སྟེ། དེ་དག་གིས་ངའི་མ་འོངས་པའི་འཚོ་བར་སྔར་མེད་པའི་མཛེས་སྡུག་གི་ཁ་དོག་བསྩལ་ཅིང་། ཉམ་ཆུང་གི་བདག་གཞི་ནས་ནར་སོན་དུ་བཅུག་པ་རེད་ཨང་།
ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཅུ་གཉིས་པའི་ཁྲོད་ཨང་བཞི་པ་ཐོབ་པའི་བརྩམས་ཆོས།
|