༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན།
བཛྲ་ཚུལ་ཁྲིམས་རྒྱ་མཚོ། (བླ་བྲང)
「 དཔྱད 」གླེང་བསླངས་པའི་གཏམ། ༡
ལེའུ་དང་པོ། རྩོམ་འདི་འབྲི་བའི་ཀུན་སློང་།
「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་དང་པོ། ༢
「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་གཉིས་པ། ༣
「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་གསུམ་པ། ༤
ལེའུ་གཉིས་པ། ནང་བསྟན་གྱི་ཁྱད་ཆོས་བསྟན་པ།
「 དཔྱད 」ནང་བསྟན་གྱི་ཁྱད་ཆོས། ༡
「 དཔྱད 」ནང་བསྟན་གྱི་ཁྱད་ཆོས། ༢ - ༣ 「
དཔྱད 」ནང་བསྟན་གྱི་ཁྱད་ཆོས། ༤ - ༥
ལེའུ་གཉིས་པ། ནང་བསྟན་གྱི་ཁྱད་ཆོས་བསྟན་པ།
༦ - ༧
དྲུག་པ། འཇིག་རྟེན་བསྐྲུན་པའི་ལྷ་མི་འདོད་པའི་ཁྱད་ཆོས།
འདིར་གསལ་བར་ཤེས་དགོས་པ་ཞིག་ལ་འཇིག་རྟེན་གྱི་གདོད་མའི་རྒྱུར་གྱུར་བ། འཇིག་རྟེན་ཐོག་མར་སྐྲུན་པ་པོའི་ལྷ་ཞིག་ནང་བས་མི་འདོད་པ་ཡིན་གྱི། སྤྱིར་ལྷ་ཙམ་ཡང་གཏན་མི་འདོད་པ་མིན་ནོ།། བདག་པེ་ཅིན་དུ་ཡོད་སྐབས་གཟའ་ཉི་མ་ཞིག་གི་ཉིན་རྒྱ་མི་མང་བོ་དང་ལྷན་དུ་པེ་ཅིན་གྲོང་ཁྱེར་གྱི་ཉེ་འདབས་སུ་གནས་པའི་ཧྥང་ཧྲན་ཧྲི་ཧྭ་ཏོན་ཞེས་པའི་གནས་རི་ལ་མཇལ་སྐོར་དུ་སོང་བ་ཡིན། དེའི་གྲས་ན་རྒྱའི་བཙུན་པ་ཡང་ཁ་ཤས་ཡོད་ལ། དེ་ལས་པེ་ཅིན་དུ་ཡོད་པའི་ཀྲུང་གོ་ནང་བསྟན་སློབ་གྲྭའི་སློབ་མ་ཞིག་གིས་གཞན་རྣམས་ལ་ཆོས་འཆད་པའི་ཚེ། ནང་བསྟན་གྱི་དགེ་མཚན་གླེང་འདོད་ནས་སངས་རྒྱས་པས་ལྷ་གཏན་ནས་མེད་པར་འདོད་ཅེས་བྱུང་རྒྱལ་དུ་སྨྲ་བཞིན་འདུག དེ་ནི་སྣོད་བཅུད་ཐམས་ཅད་སྐྱེད་པའི་ལྷ་དང་ལྷ་གཉིས་བསྲེས་པས་ལན་པ་ཡིན་ཏེ། སྤྱིར་ལྷ་ཙམ་ནི་ནང་བ་བས་ཀྱང་ཡོད་པར་འདོད་དགོས་པའི་ཕྱིར།
གཞན་དུ་ན་འདོད་ལྷ་རིགས་དྲུག་དང་བསམ་གཏན་གཟུགས་མེད་རྣམས་ཀྱང་མེད་པར་འདོད་དགོས་ལ། དེ་ལྟ་ན་འགྲོ་བ་རིགས་དྲུག་ཀྱང་མེད་པར་འདོད་དགོས། དེ་འདོད་ན་འགྲོ་བ་ཡིན་ན་མིའི་འགྲོ་བ་དང་དུད་འགྲོ་ཡིན་པས་ཁྱབ་པ་དོན་གྱིས་ཁས་ལེན་པའི་ནང་བ་སངས་རྒྱས་པ་ཁྱོད་མཚར་རོ།། དེས་ན་ནང་བའི་ལུགས་ལ་ལྷ་ཡོད་ཀྱང་དེ་སྣོད་བཅུད་སྐྱེད་པ་པོ་དང་ཐམས་ཅད་སྐྱོབ་པ་པོ་ཡིན་པར་མི་འདོད་དེ། ཁོ་རང་ཡང་ལས་ཉོན་གྱི་འཆིང་བ་མ་སྤངས་བའི་འཇིག་རྟེན་པ་ཡིན་པས་གཞན་སྐྱོབ་པའི་ནུས་པ་དང་བྲལ་བའི་ཕྱིར་ཏེ། རྒྱལ་སྲས་ཐོགས་མེད་བཟང་པོས། རང་ཡང་འཁོར་བའི་བཙོན་རར་བཅིང་བ་ཡི། ། འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། ། ཞེས་གསུངས་པའི་ཕྱིར་རོ།།
ནང་བའི་ཆོས་མ་གཏོགས་པའི་ད་ཡོད་ཀྱི་ཆོས་ལུགས་མང་པོས་སྣོད་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་ཐམས་ཅད་ཐོག་མར་སྐྱེད་པ་པོའི་ལྷ་དཀོན་མཆོག་ཅི་ཡང་བྱེད་ནུས་པ། བརྩེ་ཞིང་བྱམས་པའི་བདག་ཉིད་ཅན་ཞིག་ཡོད་པར་འདོད་ལ། དེས་རྒྱུ་བ་དང་མི་རྒྱུ་བའི་སྣོད་བཅུད་མཐའ་དག་ཐོག་མར་སྐྱེད་པ་ཡིན་ནོ་ཞེས་ཟེར་རོ།། དེ་ནི་ཚན་རིག་དང་འགལ་ཞིང་རིགས་པ་དང་རྒྱབ་ཀྱིས་ཕྱོགས། རང་ཚིག་དང་འགལ་ཞིང་ཐབས་ཟད་ཀྱི་རྟོག་བཟོ་ཞིག་ཡིན་ཏེ། འོ་ན་དེ་ལྟ་བུའི་ལྷ་ཁོ་རང་རྒྱུ་གང་ལས་བྱུང་། དེ་ཅི་ཡང་བྱེད་ནུས་པའི་ཀུན་ཐུབ་ཡིན་ན་སྡུག་བསྔལ་གྱི་འཇིག་རྟེན་དང་དམྱལ་བ་མི་སྡུག་པ་མི་བདེ་བ་མི་ངན་པ་མ་རབས་རྣམས་ཅིའི་ཕྱིར་བདེ་སྐྱིད་དང་ལྷ་ཡུལ། མཛེས་ཤིང་སྡུག་པ། བདེ་བ་དང་མི་ཡ་རབས་བཟང་བོ་དག་ཏུ་མ་བསྒྱུར། གལ་ཏེ་རྐྱེན་དང་རྒྱུ་གཞན་ཡང་ཚོགས་དགོས་ན་ཀུན་ཐུབ་ཏུ་འགལ་ལོ།། སྡུག་བསྔལ་བདེ་སྐྱིད་དུ་རྒྱུ་རྐྱེན་ཅི་ཡང་མེད་ཀྱང་བསྒྱུར་ནུས་བཞིན་དུ་མ་བསྒྱུར་བ་ཡིན་ན་བརྩེ་ཞིང་བྱམས་པའི་བདག་ཉིད་ཡིན་པ་འགལ་ལོ།། ད་དུང་ཆེས་སྡུག་བསྔལ་བ་དང་མུ་གེ་ཙད་ཐན་ནད་རིམས་སོགས་ཀྱང་ཁོ་ཚོས་འདོད་པའི་ལྷ་དཀོན་མཆོག་དེས་སྐྱེད་པར་ཁས་ལེན་དགོས་པས། དེ་སྐྱབས་སུ་མི་རུང་བར་མ་ཟད་འཕོངས་འཁྲོལ་ཀུན་གྱི་རྩ་བ་ཡིན་པས་མཆིལ་མའི་ཐལ་བ་བཞིན་དུ་དོར་བར་བྱ་བ་ཡིན་ནོ།།
གལ་ཏེ་དེ་ཡང་ཆོས་ཡིན་ནོ་ཞེ་ན། དེ་གཞན་ལ་འཚེ་བ་ཡིན་པས་ཆོས་ཡིན་ན་ཁྱོད་ཀྱི་འདོད་པའི་དམྱལ་བར་སྐྱེ་བའི་རྒྱུ་ལ་གང་འཇོག་པ་སོགས་ནང་འགལ་བས་འགལ་འདུའི་ཕུང་བོ་འབའ་ཞིག་ཏུ་ཟད་དོ།། ནང་བ་སངས་རྒྱས་པས་ནི་འཇིག་རྟེན་ལ་ཐོག་མ་མེད་པས་ཐོག་མར་སྐྱེད་པའི་ལྷ་མི་འདོད་ཅིང་དུས་དང་གནས་སྐབས་སོགས་ཀྱི་མཚམས་མ་བཟུང་ན་ཐོག་མའི་མཚམས་འཛིན་དཀའ་སྟེ་དངོས་པོ་ཞིག་གི་ཐོག་མ་དེ་དངོས་པོ་གཞན་ཞིག་གི་འབྲས་བུར་སོང་བས་འཁོར་ལོ་བཞིན་ཡིན་པའི་ཕྱིར། འོ་ན་སེམས་ཅན་རང་རང་གིས་བསགས་པའི་ལས་ལས་བྱུང་གི་སུ་གང་གིས་སྟེར་བའི་བགོ་སྐལ་དུ་མི་འདོད་པ་འདི་རིགས་པ་དང་ལྡན་ཞིང་ནང་བའི་གྲུབ་མཐའི་ཐུན་མོང་མིན་པའི་ཁྱད་ཆོས་ཡིན་ནོ།།
བདུན་པ། རྒྱུད་ཚོད་གནས་སྐབས་དང་བསྟུན་པའི་ཁྱད་ཆོས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྒོ་ཅི་སྙེད་ཅིག་གསུངས་པ་ཐམས་ཅད་རང་ཅག་རྗེས་འཇུག་གི་གདུལ་བྱ་རྣམས་ཀྱི་དོན་ཁོ་ན་ཡིན་ལ། དེ་ཡང་གདུལ་བྱ་རྣམས་ནི་ཁམས་དང་བསམ་པ་མོས་པ་རྒྱུད་ཚོད་མི་འདྲ་བ་སྣ་ཚོགས་སུ་གནས་པས་རྟག་ཏུ་ཆོས་གཅིག་ཁོ་ན་གསུངས་ན་ཕན་ཐོགས་པ་དཀའ་བས་འབྲས་བུ་མཐར་ཐུག་བྱང་ཆུབ་མཆོག་གི་ས་ལ་འགོད་པའི་ཐུགས་དགོངས་ནི་གཅིག་ཡིན་ཡང་། གྲོལ་བྱེད་རྒྱུ་ཐབས་ཀྱི་སྒོ་མི་འདྲ་བ་སྣ་ཚོགས་པ་གསུངས་ཏེ། དཔེར་ན་སྨན་པ་མཁས་པས་ནད་ཀྱི་རིགས་མི་འདྲ་བ་སྣ་ཚོགས་ཀྱིས་བཏབ་པའི་མི་འོང་ཚད་ལ་མུ་ཏིག་བདུན་ཅུ་ལྟ་བུའི་སྨན་གཅིག་ཁོ་ན་སྟེར་རྒྱུ་མ་ཡིན་པར་ནད་ཀྱི་བབ་དང་སྟུན་ནས་སྨན་སྟེར་བ་བཞིན་ཡིན་པའི་ཕྱིར་ཏེ། ལངྐར་གཤེགས་པའི་མདོ་ལས། ཇི་ལྟར་ནད་པ་ན་བ་ལ། ། སྨན་པས་སྨན་ནི་སྟེར་བ་ལྟར། ། དེ་བཞིན་སངས་རྒྱས་སེམས་ཅན་ལ། ། ཅི་ཙམ་བཟོད་པའི་ཆོས་བསྟན་ཏོ། ། ཞེས་གསུངས་པའི་ཕྱིར། གདུལ་བྱའི་རྒྱུད་ཚོད་ལ་ལྟོས་ནས་གསུངས་པའི་ཆོས་ཀྱི་སྒོ་ཡང་མི་འདྲ་བ་དཔེར་ན། ཤེས་རབ་ཆེ་ཞིང་རྒྱུད་སྨིན་པ་སྟོང་ཉིད་སྟོན་དགོས་ཀྱི་གདུལ་བྱ་ལ་ལས་འབྲས་སོགས་ཀྱི་ཆོས་སྐོར་སྟོན་པའི་རིམ་པ་དང་ལྡན་ལ། འདོད་ཆགས་ཤས་ཆེ་བའི་གང་ཟག་ལ་མི་རྟག་པ། ཞེ་སྡང་ཤས་ཆེ་བར་བྱམས་པའི་ཆོས་སྐོར་སྟོན་པ་སོགས་མཐའ་ཡས་པས་རྒྱུད་ཚོད་དང་འཚམ་ཞིང་། ཡུལ་དང་དུས་སོགས་ཀྱི་བབ་དང་སྟུན་པར་སྟོན་པའི་ཁྱད་ཆོས་ལྡན་པས་འཕེལ་རྒྱས་ཀྱི་འགྲོས་དང་མཐུན་པར་ནང་བསྟན་གྱི་གཟི་འོད་ཀྱང་བླ་ནས་བླ་རུ་འཕགས་ཤིང་གཟུར་གནས་རྣམ་དཔྱོད་ཅན་གྱི་བསྔགས་པའི་ཡུལ་གཅིག་བུར་གྱུར་བ་འདི་ཡིན་ནོ།།
--- མུ་འགོད། ---
|