གསར་འགྱུར།
༢༠༢༤ལོའི་སྤྱི་ཟླ་༡ཚེས་༣༡ཉིན་མང་རྫོང་ཐོན་མིའི་སློབ་ཚོགས་ཀྱི་ཐོན་མིའི་ཤེས་རིག་ཁ་པར་ཆེད་འཚོང་ཁང་གི་ལོ་ངོ་བདུན་(༢༠༡༧—༢༠༢༣)རིང་གི་ཚོང་ལས་ཀྱི་བྱ་བར་སྤྱི་བསྡོམས་བྱས་ཤིང་། མ་དངུལ་དང་ཁེ་སྤོགས་ཁྱོན་བསྡོམས་སྒོར་ཁྲི་༧༠ཙམ་བགོ་བྱ་བརྒྱབ་སྟེ། རྒྱུན་ལས་སྔ་མའི་རིང་གི་ཚོང་བྱ་ཡོངས་སུ་མཇུག་བསྡུས་ལ། ཚོང་དཔོན་བོན་བརྒྱ་སྟག་ལྷ་འབུམ་གྱིས་དཀའ་ངལ་དུ་མ་ཁྱད་དུ་བསལ་ཏེ་རྒྱལ་ཁ་དང་གྲུབ་འབྲས་བཟང་བོ་ལོན་པར་ཆེད་དུ་གཟེངས་རྟགས་དང་དཔང་ཡིག་ཕུལ། ཚོང་དཔོན་ཁོས་སྣེ་དྲངས་ཏེ་ས་གནས་སློབ་ཚོགས་འདིས་ལོ་ངོ་བདུན་རིང་ལ་མཐུན་སྒྲིལ་དང་བརྩེ་བ་དམ་ཟབ་ཀྱི་ཁྲོད་ནས་ཐོན་མིའི་ཤེས་རིག་ཁ་པར་ཆེད་འཚོང་ཁང་གཉེར་བ་དང་། ཐོན་མིའི་ལོ་ཙཱའི་མ་ལག་བཟོས་པ། ཐོན་མིའི་སཾ་ཊའི་ཐོན་རྫས་ལས་པ། ཐོན་མིའི་བྱིས་སྒྲུང་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བྱས་པ། ཐོན་མིའི་བྱིས་སྒྲུང་འགྲན་སྡུར་སྤེལ་བ། མ་ཡུམ་སློབ་གླིང་གི་དགེ་རྒན་རྣམ་པར་མཐུན་འགྱུར་གྱི་བྱ་དགའ་ཕུལ་བ་དང་། གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་སྡུར་ལ་མ་དངུལ་ཕུལ་བ་སོགས་དཔལ་འབྱོར་དང་ཤེས་ཡོན་འཕེལ་རྒྱས་ཀྱི་ཐད་ལ་ནུས་པ་གང་ཡོད་བཏོན་ཡོད་ཅིང་། མདོར་ན་མཉམ་འབྲེལ་གྱི་ཚོང་ལས་འདིའི་བྱ་བའི་མགོ་བཀྲ་ཤིས་ཤིང་། མཇུག་བདེ་ལེགས་ཀྱིས་རེ་ཞིག་བསྡུས་སོ།།


གསར་འགོད། མང་རྫོང་ཐོན་མིའི་སློབ་ཚོགས།
|