
འདི་གསུམ་ལེགས་པར་འཛོམས་ན་སྤྱི་ཚོགས་བདེ།
བཛྲ་ཚུལ་ཁྲིམས་རྒྱ་མཚོ།
མ་བསྐུལ་མ་བཅོས་སྙིང་གི་དད་པ་དང་།།
ཁྲེལ་དང་ངོ་ཚ་ལྡན་པའི་ཀུན་སྤྱོད་དང་།།
བཙན་པོའི་གཉའ་ནས་གནོན་པའི་ཁྲིམས་ལུགས་གསུམ།།
ལེགས་པར་འཛོམས་ན་སྤྱི་ཚོགས་བདེ་ཞིང་སྐྱིད།།
ལས་འབྲས་བསླུ་བ་མེད་པའི་གནས་ལུགས་ལ།།
སྙིང་ནས་དད་ན་རང་གཞན་ཕུང་བྱེད་ཀྱི།།
དོན་ངན་སེམས་ནས་བསྒྲུབ་ཏུ་མི་སྟེར་བས།།
ཁྲིམས་ཀྱིས་མི་མནོན་ཁྲིམས་འགལ་འདི་ཡིས་འགོག །
དེ་ནས་དེ་ཡིས་དྲངས་པའི་ཀུན་སྤྱོད་ཀྱང་།།
ངང་གིས་འོང་བས་རང་གཞན་ཕུང་བྱེད་ཀྱི།།
མི་དགེ་བཅུ་སྤངས་དགེ་བཅུའི་ཚུལ་ཁྲིམས་ལ།།
གནས་ན་རང་གཞན་འདི་བདེ་ཕྱི་སྐྱིད་ཡིན།།
འོན་ཀྱང་མ་དག་ཞིང་འདིར་དམ་ཆོས་ལ།།
མི་དད་པ་ཡང་མང་ཞིང་དད་ན་ཡང་།།
ཉོན་མོངས་དབང་གིས་ཆེས་ཆེར་མ་རུང་བ།།
རྣམས་ནི་བཙན་པོའི་ཁྲིམས་ལས་ཅི་ཡིས་གནོན།།
གལ་ཏེ་ཤེས་མཐོང་དད་པ་བརྟན་པོ་ཞིག །
ཡོད་ན་ཚུལ་མཐུན་ཀུན་སྤྱོད་ངང་གིས་འབྱུང་།།
དེ་གཉིས་ལེགས་ན་ལུགས་མཐུན་ཁྲིམས་ལ་ཡང་།།
འགལ་བའི་ཉེས་པ་ཕལ་ཆེར་འབྱུང་མི་སྲིད།།
རྩ་བ་ནང་ན་དད་པ་མེད་པ་དང་།།
ལུགས་མཐུན་ཀུན་སྤྱོད་མེད་ན་བཙན་པོའི་ཁྲིམས།།
ཁོ་ནས་སྤྱི་ཚོགས་བདེ་ལ་ཁོད་པ་ཞིག །
ཕལ་ཆེར་དཀའ་བས་འདི་གསུམ་འཛོམས་ན་ལེགས།།
|