
དཔེ་ཀློག་ཉིན་མོར་རང་ལ་གསལ་བཏབ་པ།
ཁག་དང་བོ།
གཟི་མིག་གསུམ་པ།
དཔེ་ཆ་ནི་རང་གིས་བཀླག་རྒྱུ་ཞིག་ལས། གཞན་ལ་ངོམ་རྒྱུ་ཞིག་མིན།
དཔེ་ཀློག་གི་བྱ་བ་ནི་ཁུ་སིམ་མེར་བྱ་རྒྱུ་ཞིག་ལས། འུར་ཆེམ་མེར་སྒྲོག་རྒྱུ་ཞིག་མིན།
དཔེ་མང་བསྒྲིགས་པ་ནི་ཤེས་རིག་གི་ཁོར་ཡུག་ཅིག་བསྐྲུན་པའི་ཆེད་དུ་ཡིན་པ་ལས། ཡོན་ཏན་ཡོད་མདོག་སྟོན་རྒྱུའི་ཆེད་མིན།
མི་སྒེར་དཔེ་ཤག་གཉེར་བ་ནི་རིག་གནས་ཞིབ་འཇུག་གི་ཆེད་དུ་ཡིན་པ་ལས། ལབ་རྒྱག་ཁྲམ་ཚོང་གི་ཆེད་མིན།
དཔེ་ཀློག་ནི་བློ་རིག་གསལ་བོ་ཡོང་བའི་ཆེད་དུ་ཡིན་པ་ལས། དྲན་ཤེས་རྒོད་ལ་ཤོར་བའི་ཆེད་མིན།
དཔེ་ཀློག་ནི་རང་ངོ་རང་གིས་ཤེས་པའི་ཆེད་དུ་ཡིན་པ་ལས། རང་མཐོང་ཇེ་ཆེར་འགྲོ་བའི་ཆེད་མིན།
དཔེ་ཀློག་ནི་སེམས་པ་ཞི་དུལ་དུ་འགྲོ་བའི་ཆེད་ཡིན་པ་ལས། སྙིང་ལ་སྲོག་རླུང་ཞུགས་པའི་ཆེད་མིན།
དཔེ་ཀློག་ནི་རང་སེམས་འདུལ་བའི་ཆེད་ཡིན་པ་ལས། གཞན་ལ་རྒོལ་བ་ཁོ་ནའི་ཆེད་མིན།
དཔེ་ཀློག་ནི་གཞུང་དྲང་གི་ཤེས་ཡོན་པར་འགྱུར་རྒྱུའི་ཆེད་དུ་ཡིན་པ་ལས། རྣམ་རྟོག་ཆེ་བའི་ཆབ་སྲིད་པ་ཞིག་ཏུ་ལོག་ཕྱིར་མིན།
དཔེ་ཀློག་ནི་སྤོབས་ནུས་བསྐྱེད་བསྲིང་གི་ཆེད་དུ་ཡིན་པ་ལས། སྡར་མ་གཡོ་རྐྱལ་དུ་འགྲོ་བའི་ཆེད་མིན།
དཔེ་ཀློག་གལ་ཆེ་ལ། དེ་ལས་ཀྱང་ནང་དོན་ལ་བླང་དོར་མ་ནོར་བ་བྱ་ཤེས་རྒྱུ་གཙོ་ཆེ།
དཔེ་ཆ་ངན་པ་རྐྱང་རྐྱང་ཀློག་པ་ལས། གཏན་ནས་དཔེ་ཆ་མ་བཀླགས་ན་དེས་དགའ།
དཔེ་ཆ་བླུ་བ་ནི་རིན་ཐང་གཞལ་མེད་ཀྱི་ནོར་བུ་ཉོ་བ་ཡིན་པས། དཔེ་རིན་དཀའ་སོང་ཟེར་བ་ནི་གླེན་གཏམ་ཡིན།
དཔེ་ཆ་རིན་མེད་དུ་སྦྱིན་མཁན་དག་ལ་བཀའ་དྲིན་ཞུ་དགོས་པ་ནང་བཞིན། དཔེ་ཆ་ཚེགས་མེད་དུ་རྩོམ་མཁན་རྣམས་ལ་དེ་ལས་ཀྱང་དྲིན་བཟོ་ཞུ་འོས།
དཔེ་ཆ་རིན་པོ་ཆེ་ཡིན་པར་བཤད་ཤེས་མཁན་ཧ་ཅང་མང་མོད། རིན་ཐང་ལོན་ཐུབ་མཁན་ཤིན་ཏུ་ཉུང་།
གཞན་ལ་དཔེ་ཆ་ཀློགས་ཞེས་བསྐུལ་བ་ལས། རང་གིས་བཀླགས་ཏེ་དཔེ་བཟང་སྟོན་པ་གལ་ཆེ།
མིག་ཟུང་ལོང་རག་བར་དུ་དཔེ་ཆ་ཀློག་དོན་ནི། ནམ་ཡང་ཉམས་པ་མེད་པའི་ཤེས་རབ་ཀྱི་མིག་ཅིག་འཐོབ་པའི་ཆེད་དུའོ།།
༢༠༢༢ལོར།
ཁག་གཉིས་པ།
སངས་རྒྱས་འདས་ནས་ལོ་ངོ་ཉིས་སྟོང་འགོར།།
ཞལ་གསུང་དྲོན་མོ་བཀའ་བསྟན་ངོས་ན་གསལ།།
གནའ་བོའི་བསྟན་བཅོས་དག་ལ་མཇལ་བ་ནི།།
སྔོན་བྱོན་དམ་པའི་ཞལ་བརྡར་ཉན་དང་མཚུངས།།
དམ་པའི་ཆོས་ཀྱི་གླེགས་བམ་རེ་རེ་ནི།།
ཐར་བའི་ཞིང་དུ་བགྲོད་པའི་ལམ་ཡིག་ཉིད།།
མི་ཡི་མཆོག་ནི་བླ་མ་དང་།།
ལས་ཀྱི་མཆོག་ནི་དཔེ་ཀློག་ཡིན།།
འཇིག་རྟེན་གླིང་གཞན་ཉུལ་བའི་སྐབས་མེད་ཀྱང་།།
དཔེ་དེབ་ཉིད་ལས་གཞན་ཡུལ་ཅི་དགར་མཐོང་།།
དཔའ་བོར་དགོས་པ་མཚོན་ཆ་དང་།།
མཁས་པར་དགོས་པ་དཔེ་ཆ་ཡིན།།
རྩལ་སྦྱོང་གིས་ནི་ལུས་སྟོབས་བསྐྱེད།།
དཔེ་ཀློག་ཉིད་ཀྱིས་བློ་གྲོས་རྒྱས།།
དཔེ་ཆ་བཟང་བོ་མཛའ་གྲོགས་འདེམས་པ་བཞིན།།
ཉེས་པར་གྱུར་པས་ཚེ་གང་མདུན་ལམ་བརླག །
རབ་ན་དཔེ་ཆའི་ཚིག་དོན་བློ་ལ་ཟུངས།།
དེ་ལྟ་མི་ནུས་ཐེངས་གསུམ་ཅིས་ཀྱང་ལྟོས།།
དེ་འང་མི་ཐུབ་ལན་གཅིག་ནན་གྱིས་ཀློགས།།
ཐ་ན་དཀར་ཆག་རགས་ལྟ་ཙམ་ཡང་ཕན།།
ལོ་རྒྱུས་སྦྱང་ན་དཔེ་དེབ་རྙིང་བར་ལྟོས།།
གཞུང་ལ་སློབ་ན་ཐོག་མའི་རྩ་བ་ཚོལ།།
ཤེས་བྱ་གང་ཡིན་འགོ་ཁུངས་རྙེད་གྱུར་ན།།
ཡན་ལག་ཉིང་ལག་གཅིག་ཤེས་ཀུན་གྲོལ་ཡིན།།
དཔེ་ཀློག་ཉིན་མོ་གཅིག་ཙམ་ལའང་།།
དེབ་མཆོག་རྩ་ཆེན་གཅིག་བཀླགས་པས།།
ལོ་ངོ་ལྔ་བཅུར་དེབ་ལྔ་བཅུ།།
བཀླགས་འདི་མ་བཀླག་པ་ལས་མཆོག །
ཁྱིམ་ནང་དཔེ་ཆ་མང་ཙམ་ཉར་བྱས་ཚེ།
ནམ་ཞིག་དེ་ཉིད་ཀློག་པའི་དམ་པ་འབྱུང་།།
གསེར་ཉོ་བ་ནི་གསོག་འཇོག་ཙམ།།
དཔེ་ཆ་བླུས་པས་ཁེ་བཟང་འཕེལ།།
ཞེས་པ་འདི་ནི་༢༠༢༠ལོའི་དཔེ་ཀློག་ཉིན་མོར་ཤོ་ལོ་ཀ་རེ་འགའ་བྲིས་ཤིང་རྗེས་ནས་ཁ་གསབ་ཅུང་ཟད་དང་བཅས་བླ་ནག་པ་སྐལ་ལྡན་རྒྱ་མཚོར་འབོད་པས་སྤེལ་བའོ།།
ཁག་གསུམ་པ།
1
དཔེ་དེབ་ཀྱི་སྟེང་ནས་ཁྱོད་རང་ཕྱི་ནང་གི་འཇིག་རྟེན་སྣ་ཚོགས་ལ་ལྟད་མོར་འགྲོ་ཐུབ།
2
དཔེ་ཀློག་ནི་ཆེས་སྤྲོ་སྐྱིད་ལྡན་པའི་རོལ་རྩེད་དང་ལོངས་སྤྱོད་དེ་ཡིན།
3
ཤེས་ཡོན་སློབ་པ་ནི་རྣམ་ཤེས་ཀྱིས་རྩལ་སྦྱོང་བ་ཡིན་ལ། དཔེ་ཆ་ཀློག་པ་ནི་བསམ་བློ་ལ་འཚོ་བཅུད་སྤྲོད་པ་ཡིན།
4
དཔེ་དེབ་ཀྱིས་བདག་གི་མི་ཚེའི་ཕམ་ཁ་དང་སྐྱོ་སྡུག་བསལ་ནས། ཚེ་སྲོག་ལ་རྟག་བརྟན་གྱི་གསོན་ཤུགས་དང་བདེ་སྐྱིད་སྐྲུན་གྱིན་ཡོད།
5
ངའི་གམ་དུ་དུས་རྒྱུན་གྲོགས་པོ་མང་བོ་མེད། ཡིན་ནའང་ངའི་མཐའ་འཁོར་དུ་དཔེ་དེབ་ཀྱིས་ཁེངས་ནས་ཡོད་པས། ང་ལ་གཏན་ནས་ཁེར་རྐྱང་གི་སྡུག་བསྔལ་ཡོད་མ་མྱོང་།
6
འཇིག་རྟེན་འདིར་ཤེས་བྱའི་སྒོ་མོ་འབྱེད་པའི་ལྡེ་མིག་གསུམ་ཡོད་དེ། དགེ་རྒན། དཔེ་དེབ། རང་ཉིད་ཀྱི་བློ་གྲོས་བཅས་སོ།།
7
རྩོམ་པ་བོ་ནི་མིའི་རིགས་ཀྱི་ཆེས་བསྟེན་སླ་བའི་དགེ་རྒན་དང་། ཁོང་ཚོས་བརྩམས་པའི་བསྟན་བཅོས་དག་ནི་རིན་མེད་ཀྱི་བསླབ་བྱ་ཡིན་པས་བཀའ་དྲིན་ཤིན་ཏུ་ཆེའོ།།
8
ངས་བལྟས་ན་དཔེ་ཆ་ལས་ལྷག་པའི་རིན་པོ་ཆེ་ཞིག་མི་འདུག གསེར་རྒྱ་མ་གང་གིས་མི་ཉུང་ཉུང་ཞིག་ལ་མ་གཏོགས་ཕན་མི་ཐོགས་ལ། དཔེ་ཆ་རྒྱ་མ་གང་གིས་མི་གྲངས་མེད་ཅིག་ལ་རིན་བྲལ་གྱི་ཚེ་ནོམ་སྟེར་ཐུབ།
9
ཁྱོད་རང་དུས་རྒྱུན་གྲོགས་པོ་དཔེ་ཆ་བ་ཞིག་དང་འགྲོག་ཚེ་ཁྱོད་ཀྱང་རིམ་བཞིན་དཔེ་ཆ་བ་ཞིག་ཏུ་འགྱུར་ངེས་ལ། ཁྱོད་རང་གྲོགས་པོ་ཆང་འཐུང་ཞིག་དང་འགྲོག་ན་ཁྱོད་ཀྱང་ག་ལེར་ཆང་རྐྱལ་ཞིག་ཏུ་འགྱུར་སྲིད།
10
དཔེ་ཆ་ནི་རིན་པོ་ཆེའི་གཏེར་མཛོད་ལྟ་བུ་ཞིག་ཡིན་པས། ཞིབ་ཀློག་བྱ་རྒྱུའི་ཁོམ་ལོང་མེད་ནའང་། འགྲོ་ཞོར་འདུག་ཞོར་དུ་རགས་ལྟ་ཙམ་བྱས་པས་ཀྱང་གཏན་ནས་མ་བལྟས་པ་དང་མི་འདྲ་བར་རང་ལ་ཕན་པའི་ཤེས་བྱའི་ནོར་བུ་རེ་འགའ་ལེན་ཐུབ་པ་ཡིན།
11
དཔེ་དེབ་ཀྱིས་ང་ཚོའི་བླུན་རྨོངས་དང་ནོར་འཆུག་སེལ་ཐུབ་ལ། ང་ཚོ་དབུལ་ཕོངས་དང་དཀའ་ཁག་ལས་ཀྱང་སྐྱོབ་ཐུབ་པས། ཆེས་ལེགས་པའི་དཔེ་དེབ་ནི་རིན་བྲལ་གྱི་ནོར་བུ་འབའ་ཞིག་གོ།
12
དེ་རིང་གི་ངའི་ལག་ཡོང་མཐའ་དག་དཔེ་དེབ་ཀྱིས་གནང་བ་ཡིན་པས། དཔེ་དེབ་ནི་ངའི་རྒྱུ་ནོར་གྱིས་མི་ཁུག་པའི་མ་དངུལ་རྩ་ཆེན་དེ་ཡིན།
13
ཞིང་སའི་ནང་ལ་ས་བོན་གཏོར་བར་ཕངས་སེམས་སྐྱེ་མི་རུང་བ་ཇི་བཞིན་སྒོར་མོ་བྱིན་ཏེ་དཔེ་ཆ་ཉོ་བར་སེར་སྣ་སྐྱེ་མི་རུང་།
14
དཔེ་ཆའི་ཆེད་དུ་སྒོར་མོ་བཀོལ་བ་ནི། ལོ་ལེགས་འབྱུང་ཆེད་ས་བོན་ཉོ་བ་དང་འདྲ།
15
དཔེ་ཆའི་ནང་གི་ཤེས་བྱ་དང་བསམ་བློ་ལྟ་གྲུབ་སོགས་ནི་སྒོར་རྡོག་བཅུ་ཕྲག་འགས་ཉོས་ན་ཁུག་པ་ཞིག་མིན་པས། ཚད་ལྡན་གྱི་དཔེ་ཆ་ཞིག་ལ་སྒོར་རྡོག་འགའ་བྱིན་ཏེ་ཉོས་པ་ནི་དེའི་རིན་པ་མ་ཡིན་པར་སྣག་ཤོག་དཔར་གསུམ་སོགས་ཀྱི་གླ་ཆ་ཙམ་མོ།།
16
དཔེ་དེབ་དང་མཉམ་དུ་སྐྱེ་དཀའ་ཡང་། དཔེ་དེབ་དང་ལྷན་དུ་རྒས་ཐུབ་དགོས།
|