
“དགོས་ངེས”གསུམ།
ཀྲུང་གོ་གུང་ཁྲན་ཏང་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་བསྐྱོད་ཟིན། ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བ་སྟོང་གི་རླབས་ཆེའི་བྱ་གཞག་དམིགས་འབེན་དུ་འཛིན་པ་དང་། མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་བྱ་གཞག་ལ་གཞོལ་བར་ནུས་ཤུགས་བཏོན། འགན་འཁྲི་ཧ་ཅང་ལྕི་ལ་གཟི་བརྗིད་བླ་ན་མེད།
ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། ངེས་པར་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ། ངེས་པར་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་བཅས་བྱ་དགོས། ལོ་རྒྱུས་ཀྱི་རང་རྟོན་རྒྱུན་འཁྱོངས་དང་། ལོ་རྒྱུས་ཀྱི་རང་འགུལ་ཤུགས་དྲག་ཏུ་བཏང་ནས་སྔར་བས་མཛེས་སྡུག་ལྡན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་རྩོམ།
ལོ་བཅུའི་རིང་གི་དོན་ཆེན་གསུམ།
ལོ་བཅུའི་རིང་། ང་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་ཐད་བླངས་པའི་གལ་ཆེའི་དངོས་ཡོད་དོན་སྙིང་དང་གཏིང་ཟབ་ལོ་རྒྱུས་དོན་སྙིང་ལྡན་པའི་དོན་ཆེན་གསུམ་བརྒྱུད་མྱོང་བ་སྟེ།
གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་བསུས་པ།
གཉིས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཐོན།
གསུམ་ནི་དབུལ་ཐར་འགག་སྒྲོལ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་ལོ་རྒྱུས་ལས་འགན་ལེགས་འགྲུབ་བྱས་ཏེ། ལོ་བརྒྱའི་འབད་འཐབ་དམིགས་འབེན་དང་པོ་མངོན་གྱུར་བྱུང་།
འདི་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བརྒྱུད་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡིན་ལ། མཚར་སྡུག་འོད་སྟོང་འབར་བའི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་དེབ་སྟེང་གི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡིན་པར་མ་ཟད། འཛམ་གླིང་ལ་ཤུགས་རྐྱེན་ཟབ་མོ་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡང་ཡིན།
ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་ལས་བརྒལ་བའི་དྲིས་ལན་གཉིས་པ།
འབད་བརྩོན་ལྷོད་མེད་བརྒྱུད། ཏང་གིས་རང་ངོས་གསར་བརྗེ་སྟེ་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་ལས་བརྒལ་བའི་དྲིས་ལན་གཉིས་པ་དེ་རྙེད་པ་དང་། ནམ་ཡང་ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ལ་ཁག་ཐེག་བྱས་ཡོད།
མཐར་གཏུགས་ན“འཕེར་བོ”གཉིས་ཡིན།
ལག་ལེན་གྱིས་ང་ཚོར་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ནུས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བ་གསལ་བཤད་བྱས། མཐར་གཏུགས་ན་མར་ཁེ་སི་རིང་ལུགས་འཕེར་བོ་ཡིན་པ་དང་། ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་འཕེར་བོ་ཡིན་པའི་རྐྱེན་གྱིས་རེད།
ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན།
ད་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས།
ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གཞི་རྩའི་བླང་བྱ།
ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གཞི་རྩའི་བླང་བྱ་ནི། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད། མིའི་རིགས་ལས་དབང་གཅིག་མཐུན་འཛུགས་སྐྲུན་ལ་སྐུལ་འདེད། མིའི་རིགས་དཔལ་ཡོན་གྱི་རྣམ་པ་གསར་པ་གསར་གཏོད་བྱེད་པ་བཅས་ཡིན།
བརྟན་སྲུང་བྱ་དགོས་པའི་གལ་ཆེའི་རྩ་དོན་ལྔ།
ང་ཚོས་ངེས་པར་སེམས་ཁྲལ་འདུ་ཤེས་ལ་ཤུགས་སྣོན་པ་དང་། མ་མཐའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ་བདེ་སྡོད་ཉེན་བསམ་དང་གྲ་སྒྲིག་ཞིབ་ཚགས་བརྒྱུད། རླུང་རླབས་དྲག་པོ་དང་ཐ་ན་རླུང་རླབས་འཇིགས་རུང་གི་ཉམས་སད་གལ་ཆེན་ཐེག་པའི་གྲ་སྒྲིག་བྱ་དགོས། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་། ངེས་པར་གཤམ་གྱི་གལ་ཆེའི་རྩ་དོན་བརྟན་སྲུང་བྱ་དགོས།
ཏང་གིས་ཕྱོགས་ཡོངས་མགོ་ཁྲིད་ལ་རྒྱུན་འཁྱོངས་དང་ཤུགས་སྣོན།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས།
བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་སྤེལ་བ་རྒྱུན་འཁྱོངས།
འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ་རྒྱུན་འཁྱོངས།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐོག་མའི་ལས་འགན།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐོག་མའི་ལས་འགན་ཡིན་ལ། འཕེལ་རྒྱས་ནི་ཏང་གི་སྲིད་སྐྱོང་རྒྱལ་སྤེལ་གྱི་གལ་ཆེའི་ལས་འགན་ཐོག་མ་དེ་ཡིན། དངོས་པོའི་ལག་རྩལ་གྱི་རྨང་གཞི་བརྟན་པོ་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའང་དཔེ་མི་སྲིད།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར།
སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན། ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་ངེས་པར་རྒྱུན་འཁྱོངས་བྱས་ཏེ། ཚན་སློབ་རྒྱལ་སྤེལ་གྱི་འཐབ་ཇུས་དང་། ཤེས་ལྡན་རྒྱལ་དྲག་གི་འཐབ་ཇུས། གསར་གཏོད་ཀྱིས་འཕེལ་རྒྱས་ཡར་སྐུལ་བྱེད་པའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པའི་འགྲན་ལམ་གསར་པ་བཏོད་དེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་བཞེངས་བསྐྲུན་བྱ་དགོས།
མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ཡིན།
མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཡོད་དགོས་ངེས་ཀྱི་དོན་སྙིང་ཡིན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་ཀྱི་གཞི་རྩའི་ངོ་བོ་ཡིན་ལ། ཆེས་རྒྱ་ཆེ་བ་དང་། ཆེས་དོན་དངོས་དང་མཐུན་པ། ཆེས་བེད་ཆོད་ཆེ་བ་བཅས་ཀྱི་དམངས་གཙོ་ཡིན།
ཁྲིམས་སྐྱོང་བགྲོད་ལམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ།
ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་རྒྱལ་ཁབ་བཅོས་སྐྱོང་གི་གཏིང་ཟབ་པའི་གསར་བརྗེ་ཞིག་ཡིན་ལ། ཏང་གི་སྲིད་སྐྱོང་རྒྱལ་སྤེལ་དང་། མི་དམངས་ཀྱི་བདེ་སྐྱིད་བག་ཕེབས། རྒྱལ་ཁབ་ཡུན་སྐྱོང་གཏན་བདེ་བཅས་དང་འབྲེལ་བ་ཡོད་པས། ཁྲིམས་སྐྱོང་གིས་གཞི་རྩ་བརྟན་པོར་འདིང་བ་དང་། སྔོན་དཔག་གི་ཕུགས་བརྟན་པ། དགེ་མཚན་གྱི་མཐའ་རྟག་པ་བཅས་ཀྱི་འགན་སྲུང་བྱེད་ནུས་སྔར་བས་ལྷག་པར་འདོན་སྤེལ་ལེགས་པོ་བྱས་ཏེ། ཁྲིམས་སྐྱོང་བགྲོད་ལམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་དགོས།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ངེས་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱ་དགོས།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར། ངེས་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་དང་། རིག་གནས་རང་རྟོན་ལ་ཤུགས་སྣོན་བྱ་དགོས་ཤིང་། དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྒྲིལ། འཇོན་མི་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་མངོན་པ་བཅས་ལ་དམིགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་དགོས། དེང་རབས་ཅན་ལ་ཁ་ཕྱོགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ། མི་རིགས་ཅན་དང་ཚན་རིག་ཅན། མང་ཚོགས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་སུ་བཏང་ནས། མི་རིགས་ཧྲིལ་པོའི་རིག་གནས་གསར་སྐྲུན་དང་གསར་གཏོད་ཀྱི་གསོན་ཤུགས་ལ་སྐུལ་སློང་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བསམ་བློའི་སྟོབས་ཤུགས་ཇེ་དྲག་ཏུ་གཏང་དགོས།
དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན།
རྒྱལ་སྲིད་ནི་མི་དམངས་ཡིན་ལ། མི་དམངས་ནི་རྒྱལ་སྲིད་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་རྒྱལ་སྲིད་སྐྱོང་ཞིང་རྒྱལ་སྲིད་སྲུང་ལ། སྲུང་བྱ་དེ་ནི་མི་དམངས་ཀྱི་སེམས་པ་ཡིན། རྒྱལ་ཁབ་སྐྱོང་བར་གཏན་ཁྲིམས་ཡོད་དེ། དམངས་ལ་ཕན་པ་རྩ་བར་འཛིན་དགོས། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ།
རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པ་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན། ངེས་པར་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་བཙུགས་ཤིང་ལག་ཏུ་བསྟར་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་དུ་འགྲེངས་ཏེ་འཕེལ་རྒྱས་ལ་འཆར་འགོད་བྱ་དགོས།
རྒྱལ་ཁབ་བདེ་འཇགས་ནི་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན།
རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན་པ་དང་། སྤྱི་ཚོགས་བརྟན་བརླིང་ནི་རྒྱལ་ཁབ་སྟོབས་ལྡན་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། ངེས་པར་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་འགན་ལེན་བྱ་དགོས།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ།
དུས་བཀག་ལྟར་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་མྱུར་དུ་བསྒྱུར་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་ཡིན། ངེས་པར་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པ། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ་དམག་དོན་གྱི་རིགས་པའི་གཞུང་ལུགས་དེང་རབས་ཅན་དང་། དམག་དཔུང་རྩ་འཛུགས་ཀྱི་རྣམ་པ་དེང་རབས་ཅན། དམག་དོན་མི་སྣ་དེང་རབས་ཅན། གོ་མཚོན་སྒྲིག་ཆས་དེང་རབས་ཅན་བཅས་སུ་འགྱུར་ཚད་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་བའི་འཐབ་ཇུས་ཀྱི་ནུས་པ་ཆེ་རུ་བཏང་ནས་དུས་རབས་གསར་པའི་མི་དམངས་དམག་དཔུང་གི་ལས་འགན་ནུས་ལྡན་ངང་བསྒྲུབ་དགོས།
གསར་གཏོད་རླབས་པོ་ཆེ།
“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་པོ་ཆེ་ཞིག་དང་། ཞང་ཀང་དང་ཨའོ་མོན་གཉིས་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་རྗེས་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་ལེགས་ཤོས་ཤིག་ཡིན་པས། ངེས་པར་ཡུན་རིང་རྒྱུན་འཁྱོངས་བྱ་དགོས།
ངེས་པར་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་པ།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ང་ཚོའི་ཏང་ནི་འཛམ་གླིང་ཐོག་གི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་ཤིག་ཡིན་པས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་། ཡུན་རིང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏང་དགོས་ན། ངེས་པར་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དང་བློ་རྩ་བརྟན་པོས་རྒྱུན་འཁྱོངས་བྱ་དགོས། ཏང་ཡོངས་ཀྱིས་ངེས་པར་བློ་ལ་བརྟན་པོར་ངེས་དགོས་པ་སྟེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ནམ་ཡང་ལམ་ཐོག་ཏུ་གནས་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་བུའི་ཐོག་གནས་པ་ལས་ལྷོད་གཡེང་ངལ་དུབ་དང་དམག་འཁྲུག་མི་རྒྱག་པའི་བསམ་ཚུལ་གཏན་ནས་ཡོད་མི་རུང་བར། ངེས་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས་ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་ཀྱི་གསར་བརྗེར་སྣེ་ཁྲིད་བྱ་དགོས།
“བརྒྱུད་དགོས་ངེས་ཀྱི་ལམ་བུ”ལྔ།
ཏང་ཡོངས་ཀྱིས་ངེས་པར་བློ་ལ་བརྟན་པོར་ངེས་དགོས་པ་སྟེ།
ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན།
མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་སྐྲུན་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན།
འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱ་རྒྱུ་ནི་དུས་རབས་གསར་པའི་རང་རྒྱལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན།
ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི་ཏང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པར་སྐྱོད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན།
འདི་ནི་ང་ཚོར་ཡུན་རིང་གི་ལག་ལེན་ཁྲོད་ཐོབ་པའི་གལ་འགངས་ཆེ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཞིག་ཡིན་པས། ངེས་པར་གཅེས་འཛིན་ལྡབ་འགྱུར་དང་། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། དམ་འཛིན་ལྷོད་མེད་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཉམས་ཆེ་བའི་གྲུ་གཟིངས་ཀྱིས་རླུང་བརྟེན་རླབས་གཤགས་དང་བརྟན་སྤོ་མདུན་སྐྱོད་བྱ་རྒྱུར་ཁྲིད་སྟོན་དང་འགན་ལེན་བྱ་དགོས།
|