སློབ་གླིང་གསར་འགྱུར།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དམིགས་ནས་ལོ་རེར་བྱ་འགུལ་གྱི་རྣམ་གྲངས་མང་བོ་ཞིག་སྤེལ་གྱིན་ཡོད་པ་ལས། ལོ་རེ་འཆར་ཅན་བཞིན་དུ་སྤེལ་བའི་སྲོང་བཙན་བུམ་པ་རྟགས་མའི་དྲྭ་འཕེན་སྤོ་ལོ་འགྲན་སྡུར་ཆེན་མོ་དེ་ ༢༠༢༢ལོའི་སྤྱི་ཟླ་༥ཚེས་ནས་༢༣ནས་བཟུང་སྤེལ་འགོ་བརྩམས་པ་དང་། སློབ་གླིང་སྤྱིའི་ལུས་རྩལ་གྱི་འགན་འཛིན་པ་དགེ་རྒན་བསམ་འཕེལ་རྡོ་རྗེ་དང་ལུས་རྩལ་རྩ་འཛུགས་ཚན་ཆུང་གིས་ཐེངས་འདིའི་དྲྭ་འཕེན་འགྲན་སྡུར་གྱི་ཐོག་མཐར་བར་གསུམ་དུ་བཀོད་སྒྲིག་དང་ལྟ་རྟོགས་ལེགས་པོ་བྱས། སློབ་གླིང་གི་དགེ་རྒན་ལས་བཟོ་བ་དང་འཛིན་གྲྭ་ཡོངས་དྲྭ་འཕེན་འགྲན་སྡུར་ནང་དུ་ཞུགས། སློབ་གླིང་གི་ལས་རྩལ་འགན་འཛིན་པས་ཉིན་རེའི་སྔ་ཕྱི་ཡི་ངལ་གསོའི་དུས་ཚོད་བེད་སྤྱད་ནས་འཛིན་གྲྭ་སོ་སོའི་རྒྱལ་ཕམ་གྱི་རྟིང་ཐག་རིམ་བཞིན་བཅད་པ་དང་། ད་ལོར་ཆར་ཞོད་ཀྱི་རྐྱེན་པས་ཅུང་ཙམ་འགོར་འགྱངས་བྱུང་ནའང་། དེ་རིང་ཆེས་མཐའ་མཇུག་གི་རྟིང་རྩོད་འགྲན་སྡུར་བྱས་ཤིང་། དགེ་རྒན་འཇིགས་མེད་རྒྱལ་མཚན་དང་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱང་དངོས་སུ་ཕེབས་ནས་འགྲན་སྡུར་ལ་གཟིགས། ཐེངས་འདིའི་གཟའ་འཁོར་གཉིས་ལ་ཉེ་བ་ཞིག་གི་དྲྭ་འཕེན་འགྲན་སྡུར་ཁྲོད་ལོ་ཆུང་གཞོན་ནུའི་རུ་ཁག་ལས་ཨང་དང་བོ་འབྲིང་རིམ་རུ་ཁག་དང་། ཨང་གཉིས་པ་མཐོ་གཉིས་རུ་ཁག ཨང་གསུམ་པ་མཐོ་གཅིག་རུ་ཁག ཨང་བཞི་བ་མཐར་ཕྱིན་རུ་ཁག་བཅས་ལ་ཐོབ་ཅིང་། ན་གཞོན་རུ་ཁག་ལས་ཨང་དང་བོ་མཐར་ཕྱིན་རུ་ཁག་དང་། ཨང་གཉིས་པ་མཐོ་གཅིག་རུ་ཁག ཨང་གསུམ་པ་མཐོ་གཉིས་གཉིས་པའི་རུ་ཁག ཨང་བཞི་བ་འབྲིང་གཉིས་རུ་ཁག་བཅས་ལ་ཐོབ། མི་སྒེར་གྱི་དགའ་རྟགས་ལས་ཕུལ་བྱུང་ཤན་འབྱེད་པ་མཐོ་གཉིས་དང་བོའི་འཇིགས་མེད་བསྟན་འཛིན་དང་། ཡར་ཐོན་ཆེས་ཆེ་བའི་ལྒང་རྩེད་པ་མཐོ་གཉིས་གཉིས་པའི་ནོར་བུ་དབང་རྒྱལ་དང་། སྐར་གསུམ་རྒྱལ་བོ་འབྲིང་གཉིས་ཀྱི་ཡེ་ཤེས་རྒྱ་མཚོ། ཕུལ་བྱུང་ལུས་རྩལ་བའི་མཚན་སྙན་མཐར་ཕྱིན་དང་བོའི་ཚུལ་ཁྲིམས་བཅས་ལ་ཐོབ་སྟེ་ད་ལོའི་དྲྭ་འཕེན་སྤོ་ལོ་འགྲན་སྡུར་ཡོངས་སུ་མཇུག་བསྡུས།







གསར་འགོད་པ། འབའ་སྣང་གྲོལ།
|