༩ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 24 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༩ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༩ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-05-27ལྟ་ཀློག (3146)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


གཉིས་པ། ཐང་སན་བླ་མའི་རྣམ་པར་ཐར་བ་དངོས་བཤད་པ།

    དེ་ཡང་ཐང་སན་བླ་མའི་རྣམ་ཐར་དངོས་བཤད་པ་ལ། ཡུལ་གང་དུ་རིགས་རུས་གང་ལས་ཇི་ལྟར་འཁྲུངས་པའི་ཚུལ་བཤད་པ། ཇི་ལྟར་རབ་ཏུ་བྱུང་བའི་ཚུལ་དང་སློབ་གཉེར་གནང་བའི་ཚུལ་བཤད་པ། ཅིའི་ཕྱིར་རྒྱ་གར་དུ་ཕེབས་དགོས་པའི་རྒྱུ་རྐྱེན་བཤད་པ། རྒྱ་གར་དུ་ཕེབས་ནས་ཆོས་སྡེ་གང་དུ་སློབ་དཔོན་སུ་བསྟེན་ནས་ཆོས་ཀྱི་གནད་ལ་སྒྲོ་འདོགས་ཇི་ལྟར་བཅད་པའི་ཚུལ་བཤད་པ། རྒྱ་གར་དུ་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ་བཤད་པ། ཆོས་ཀྱི་དོན་ལ་སྒྲོ་འདོགས་ཆོད་ཅིང་ཕྱིར་རྒྱ་ཡུལ་དུ་ཕེབས་ནས་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ་བཤད་པ། ཁོང་ལ་བརྩམས་ཆོས་གང་དག་ཡོད་པ་དང་བསྒྱུར་བའི་གཞུང་གང་དག་ཡོད་པའི་ཚུལ་བཤད་པ་དང་བདུན་ནོ།།

     

དང་བོ། ཡུལ་གང་དུ་རིགས་རུས་གང་ལས་ཇི་ལྟར་འཁྲུངས་པའི་ཚུལ་བཤད་པ།      

    དེ་ཡང་དུས་རབས་གང་དང་རྒྱལ་རབས་གང་ཞིག་གི་སྐབས་ཡིན་ཡང་། སྟོབས་འབྱོར་མངའ་ཐང་གི་ཆའམ་། ཐོབ་དང་གོ་སའི་ཐད་དམ། མིང་དང་སྙན་གྲགས་ཀྱི་ཕྱོགས་སོགས་གང་ནས་བལྟས་ཀྱང་དེ་ཙམ་མི་ཆེ་བའི་སྤྱིར་བཏང་གི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་བྱིས་པ་རྣམས་ནི་སྐབས་དེ་དང་དེའི་སྤྱི་ཚོགས་ཡོངས་ཀྱི་གླེང་བྱའི་གཏམ་དུ་ཕལ་ཆེར་འགྱུར་དཀའ་ལ། ཚེ་སྲོག་གི་མྱུ་གུ་ཞིག་གསར་དུ་འབུས་པའི་སྤྲོ་དགའ་དེ་ཡང་རང་གི་གཉེན་ཉེ་གྲོགས་མཆེད་ཙམ་མམ། རུ་ཁ་ཁྱིམ་མཚེ་ཙམ་གྱི་ཁོར་ཡུག་དེ་ཙམ་ལས་ཕལ་ཆེར་འདའ་མི་ཐུབ་ལ། དེ་ཙམ་མ་གཏོགས་གྲག་འགུལ་ཆེན་པོ་རང་མེད་པར་སླར་ཡང་ཞི་འཇགས་སུ་འགྱུར་ཞིང་། དེར་མ་ཟད་དེ་ནི་སྤྱིར་བཏང་གི་མི་ཕལ་མོ་ཆེའི་སྐྱེས་ཤིང་ནར་སོན་པའི་སྤྱི་འགྲོས་ལྟ་བུར་སོང་ཡོད་སྙམ་མོ།།  

    གལ་ཏེ་ནམ་ཞིག་གི་ཚེ་གྲག་འགུལ་ཆེན་པོ་རང་མ་བྱུང་བའི་སྤྱིར་བཏང་གི་བྱིས་པ་དེ་སྤྱིར་བཏང་གི་བྱིས་པ་ཞིག་ནར་སོན་པའི་སྤྱི་འགྲོས་ལྟ་བུར་ཡོད་པ་དེ་ལས་ཡོངས་སུ་བརྒལ་ནས་རིག་གནས་ཡོན་ཏན་ཅན་གྱི་མཁས་པར་གྱུར་བའམ། སྟོབས་དང་མངའ་ཐང་ཅན་གྱི་དཔོན་པོར་གྱུར་བའམ། མིང་དང་སྙན་གྲགས་ཅན་གྱི་མི་ཆེན་དུ་གྱུར་བ་སོགས་ཐུན་མོང་མ་ཡིན་པར་གྱུར་བ་དེའི་ཚེ་ན་སླར་ཡང་དེ་ཉིད་གསར་དུ་ཐམས་ཅད་ཀྱིས་གླེང་བྱར་འགྱུར་ཞིང་། མ་མཐའ་ཡང་དེ་ཉིད་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་དུས་ཙམ་ཞིག་ཟིན་ཐོ་ལ་གསལ་བར་འགོད་པར་འགྱུར་རོ།། 

    དེས་ན་སློབ་དཔོན་ཆེན་པོ་རྨད་བྱུང་གཟི་བརྗིད་དམ་ཐང་སན་བླ་མ་ཡང་ཐོག་མར་འཁྲུངས་དུས་ཀུན་གྱི་གླེང་བྱ་གལ་ཆེན་ཞིག་ཏུ་མ་གྱུར་ཀྱང་། སྐུ་མྱ་ངན་ལས་འདས་པའི་ཉིན་དེ་ལོ་རྒྱུས་སུ་གསལ་བར་བཀོད་ཡོད་དེ། ཁོང་ནི་གོང་མ་ཐང་གོ་ཙུང་ལིན་ཏི་སྲིད་ལོ་དང་བོ་སྟེ། སྤྱི་ལོ་༦༦༤ལོའི་དབོ་ཟླའི་ཚེས་ལྔའི་མཚན་མོར་སྐུ་མྱ་ངན་ལས་འདས་པའི་ཚུལ་མཛད་པར་ལོ་རྒྱུས་ཡིག་ཆ་རྣམས་སུ་བཀོད་འདུག་པའི་ཕྱིར་རོ།། འོན་ཀྱང་དེའི་སྐབས་སུ་ཁོང་ཉིད་དགུང་ལོ་ཅི་ཙམ་བཞེས་པའི་ཐད་ལ་མཁས་པ་རྣམས་ཀྱི་བཤད་ཚུལ་མི་འདྲ་བ་བཞི་སྟེ། དགུང་ལོ་ང་དྲུག་བཞེས་པར་འདོད་པ་དང་། རེ་གསུམ་བཞེས་པར་འདོད་པ་དང་། རེ་ལྔ་བཞེས་པར་འདོད་པ་དང་། རེ་དགུ་བཞེས་པར་འདོད་པ་རྣམས་སུ་ཡོད་པའི་ཕྱིར། འོན་ཀྱང་ཕྱིས་ཀྱི་མཁས་པ་ཕལ་མོ་ཆེ་ལ་བརྒྱུད་ནས་གྲགས་པའི་བཤད་ཚུལ་ནི་དགུང་ལོ་དྲུག་ཅུ་རེ་ལྔ་བཞེས་པ་ཉིད་དོ།། དེ་ཚད་ལྡན་གྱི་དབང་དུ་བྱས་ནས་ཡར་དེད་དེ་བརྩིས་ན། ཐང་སན་བླ་མའི་འཁྲུངས་ལོ་ནི་སྤྱི་ལོ་དྲུག་བརྒྱ་ཐམ་པ་སྟེ་སུའེ་ཁེ་ཧཱང་སྲིད་ལོ་ཉི་ཤུ་བར་་འཁེལ་ལོ།།

    དེས་ན་ཁོང་ནི་ཕལ་ཆེར་སྤྱི་ལོ་དྲུག་བརྒྱ་ཐམ་པའི་དབོ་ཟླའི་ཚེས་ལྔའི་ཉིན་འཁྲུངས་པ་ཡིན་འདུག་ཅིང་། གནའ་སྔ་མོ་སྔ་མོར་རྒྱལ་བོ་ཏཱ་ཧྲུན་(大舜)ཟེར་བ་ཞིག་བྱུང་བ་དེའི་རབས་ལས་མཆེད་པའི་ཧྭན་གྱི་བློན་ཆེན་ཊུང་ཀུང་(仲弓)གི་གདུང་བརྒྱུད་ཡིན་པར་གྲགས་པ་ཁྲིན་དཔུས་ཞེས་པའི་བུ་རུ་འཁྲུངས་པ་དང་། དེ་ལ་བུ་བཞི་ཡོད་པ་ལས་ཐ་ཆུང་ཡིན་པར་བཤད་དོ།། ཁོང་གི་མེས་པོ་ཁྲིན་ཁཱང་ནི་ཡུལ་དཔོན་ཆེན་པོ་མཛད་མྱོང་ལ། ཡབ་ཁྲིན་དཔུས་ཀྱང་བྱད་གཟུགས་ལེགས་ལ་མཁྱེན་རྒྱ་ཡངས་པས་སུའེ་རྒྱལ་རབས་ཀྱི་དུས་འགོར་ཅང་ལིན་དུ་རྫོང་དཔོན་བྱས་མྱོང་བ་ཞིག་གོ། འོན་ཀྱང་ཆེན་པོ་རང་མ་འགྱང་བར་བཟའ་ཟླ་ཚེ་ལས་འདས་ཤིང་རྒྱལ་ཁྲིམས་ཀྱང་ཉམ་ངར་ལྷུང་ཡོད་པའི་རྐྱེན་གྱིས་ཡིད་འབྱུང་སྟེ་ཕ་ཡུལ་དུ་ལོག་ནས་སོ་ནམ་གྱི་བྱ་བ་བསྐྱངས་པར་གྲགས་སོ།། ཁོང་གི་མ་ཡུམ་གྱི་མཚན་ལ་རུས་སུང་ཅན་ཞེས་པ་ཙམ་ལས་ལོ་རྒྱུས་ཡིག་ཆ་རྣམས་སུ་གསལ་བོར་བྲིས་ཡོད་པ་ཁོ་བོས་མ་མཐོང་མོད། ལོ་ཀྲུའུ་ཁྲང་ཧྲི་ཞེས་པའི་དཔོན་པོ་ (洛州长史宋钦) སུང་ཆིན་གྱི་སྲས་མོ་ཡིན་པར་བཤད་པས་རིགས་བརྒྱུད་མཐོ་ཞིང་། རང་བཞིན་བཟང་ལ་ཚུལ་དང་ཚུལ་མིན་གྱི་གནས་ལུགས་ཤེས་པར་མ་ཟད། རྒྱལ་བའི་བསྟན་པ་ལའང་མཆོག་ཏུ་དད་ཅིང་ཀུན་གྱིས་བརྩི་བཀུར་ཐོབ་ས་ཞིག་ཡིན་པར་བཤད་དོ།།

    ཁོང་རབ་ཏུ་མ་བྱུང་གོང་གི་མཚན་ལ་ཁྲིན་ཡིས (陈祎) ཞེས་ཟེར་ཞིང་། འཁྲུངས་ཡུལ་ནི་ལོ་དབྱང་གུའོ་ཧྲི་རྫོང་ (洛州缑氏县) སྟེ། དེང་སང་གི་ཧི་ནན་ཞིང་ཆེན་ཡན་ཧྲི་ཞེས་པའི་ (今河南省偃师市) ས་ཆ་དེ་ཡིན་པར་བཤད། དེ་ཡང་སློབ་དཔོན་ཆེན་པོ་འདིའི་རྣམ་པར་ཐར་བ་དག་པ་དང་མ་དག་པ་མང་བོ་ཞིག་ཆུང་དུས་ནས་ཡང་ཡང་གོ་མྱོང་བས་སེམས་གཏིང་ནས་གུས་པ་ཆེན་པོ་ཡོད། དེའི་ཕྱིར་ཁོང་ཉིད་གང་དུ་འཁྲུངས་པའི་ཡུལ་དེ་ལའང་མཇལ་འདོད་ཧ་ཅང་ཆེ་ཞིང་སྟབས་འགྲིག་ནས་མཇལ་ཡང་ཐུབ་སོང་། གང་དུ་འཁྲུངས་པའི་ཡུལ་ནི་གོང་ནས་བཤད་པ་ལྟར་ད་ལྟའི་ཧི་ནན་ཞིང་ཆེན་ཡན་ཧྲི་གྲོང་ཁྱེར་གྱི་ཉེ་འདབས་གུའོ་ཧྲི་ (偃师市缑氏镇) གྲོང་བརྡལ་རེད། ད་དུང་གསལ་བོར་བཤད་ན། གནས་འདི་ནི་ལོ་དབྱང་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་བཞི་བཅུ་ཡས་མས་ཞིག་སོང་ན་གུའོ་ཧྲི་གྲོང་བརྡལ་ཡོད་ཅིང་། དེ་ནས་ད་དུང་བྱང་ཤར་ཕྱོགས་སུ་སྤྱི་ལེ་གཅིག་ཙམ་སོང་ན་རྒྱ་བྱའི་སྟེགས་ཟེར་ (凤凰台) བར་ཁྲིན་ཧི་གྲོང་ཚོ་ཟེར་བ་ཞིག་ཡོད་པ་དེ་ཡིན། གྲོང་ཚོ་འདི་ནི་སྔོན་གྱི་དགོན་སྡེ་གྲགས་ཅན་རྟ་དཀར་དགོན་དང་ཧྲའོ་ལིན་དགོན་གཉིས་ཀྱི་བར་ན་ཡོད། ས་ཆ་དེ་ན་དེང་སང་ཡང་ཞོན་ཙང་གི་འཁྲུངས་གཞིས་ (玄奘故里) དང་། ཐང་སན་དགོན་ (唐僧寺) དང་། ཐང་སན་གདུང་རྟེན་ (唐僧墓) ཞེས་པ་རྣམས་མཇལ་རྒྱུ་འདུག ཞོན་ཙང་འཁྲུངས་གཞིས་ (玄奘故里) ཞེས་པའི་མིང་བྱང་ཡིག་འབྲུ་བཞི་ཡོད་པ་དེ་སྔོན་གྱི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་བསྙེན་ཀྲའོ་ཕུ་ཁྲུ་ (中国佛教协会会长赵朴初) མཆོག་གིས་ཕྱག་བྲིས་རེད། དེར་དྲན་རྟེན་ཁང་ཞིག་ཡོད་པ་དེའི་ནང་དུ་སློབ་དཔོན་ཆེན་པོ་ཐང་སན་བླ་མའམ་རྨད་བྱུང་གཟི་བརྗིད་སྐུ་ཚེའི་སྨད་ཀྱི་ཆོས་གཞུང་སྒྱུར་བཞིན་པའི་རྣམ་པ་ཅན་གྱི་སྐུ་བརྙན་ (玄奘晚年译经像) ཞིག་དང་། གཡོན་དུ་སྲས་ཀྱི་ཐུ་བོ་ཁུས་ཅིས་ (窥基) དང་ཝེན་ཚེག་གམ་རྫོགས་གསལ་ (圆测) གཉིས་ཀྱི་སྐུ་བརྙན་དང་། གཡས་སུ་སློབ་མ་ཡན་ཙུང་ (彦悰) དང་ཏོ་ཀྲོ་ (道昭) རྣམ་གཉིས་ཀྱི་སྐུ་བརྙན་བཞེངས་འདུག དམ་པ་དེ་དག་ཐམས་ཅད་ནི་སྟོན་པ་མཉམ་མེད་ཐུབ་དབང་རིན་པོ་ཆེའི་གསུང་གི་བདུད་རྩི་ངོ་མཚར་བ་དེ་རྒྱ་ཡུལ་དུ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བསྟན་འཛིན་གྱི་སྐྱེས་བུ་ཤ་སྟག་ཡིན་པས་བདག་གིས་ཀྱང་ཀུན་སློང་རྣམ་དག་གིས་དེ་རྣམ་པའི་སྐུ་བརྙན་གྱི་མདུན་དུ་རྗེ་བཙུན་ཙོང་ཁ་བ་ཆེན་པོས་མཛད་པའི་ལམ་རིམ་སྨོན་བཏོན་ཅིང་། དེའི་ནང་གི་

བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། ། 

ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི། ། 

སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །

ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །

ཅེས་པ་མང་ཙམ་བཏོན་ནས་སྨོན་ལམ་བརྒྱབ་པ་ཡིན། ད་དུང་དེར་བྱིས་པ་ངོ་མཚར་བསྐྱེད་པའི་གཏམ་རྒྱུད་རེ་ཡང་བཤད་རྒྱུ་ཡོད་མོད། ངེས་པ་ཆེར་མེད་པས་འདིར་མི་བཤད་དོ།།    

    ཐང་སན་དགོན་ (唐僧寺) ཞེས་པ་དེ་འཁྲུངས་གཞིས་ནས་སྤྱི་ལེ་བཞི་ཙམ་ལ་འགྲོ་དགོས། འདི་ནི་ཝེ་བྱང་མའི་སྐབས་སུ་ཐོག་མར་བཏབ་པ་ (始创于北魏) ཞིག་སྟེ། དགོན་པའི་མཚན་ལ་སྔོན་ཚེ་ལིན་ཡན་དགོན་ (灵岩寺)ཟེར་ལ། ཐང་སན་བླ་མ་དགུང་ལོ་ཆུང་དུས་སུ་ཕུ་བོ་འབྲིང་བ་ཁྲིན་སུའུ་དང་མཉམ་དུ་དགོན་པ་འདི་ནས་ཆོས་མང་དུ་ཉན་པར་གྲགས་སོ།། ཐང་སན་བླ་མ་འཕགས་ཡུལ་ནས་ཕྱིར་ཕེབས་པ་ན་དགོན་པའི་མིང་དེ་དགེ་འཕེལ་དགོན་ (兴善寺) ཞེས་བསྒྱུར་ཅིང་། མིང་གུར་ཝན་ལིའི་སྲིད་ལོའི་ (明万历年间) སྐབས་སུ་ཐང་སན་དགོན་ (唐僧寺) ཞེས་བསྒྱུར་བ་དང་། ཆིན་གུར་གྱི་དུས་སུ་ཉམས་གསོ་བྱས་པར་བཤད་དོ།།

    ཐང་སན་བླ་མའི་གདུང་རྟེན་ཞེས་པ་ཞིག་འདིར་ཡང་མཆིས་མོད། འོན་ཀྱང་དེའི་ནང་དུ་སྐུ་གདུང་གི་ཆ་ཤས་ཅི་ཞིག་ཡོད་པ་ཁོ་བོས་མི་ཤེས། ཡོངས་གྲགས་ཀྱི་བཤད་ཚུལ་ལྟར་ན། སྤྱི་ལོ་༦༦༤ལོ་སྟེ། ཐང་ལིན་ཏི་སྲིད་ལོ་དང་བོ་ (唐麟德元年) ལ་ཁོང་ཐོང་ཁྲོན་ཡུས་ཧྭ་ (铜川玉华寺) དགོན་ཞེས་པར་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་མཛད་ཅིང་། གོང་མའི་བཀའ་ཕབ་པ་བཞིན་སྐུ་གདུང་ཁྲང་ཨན་དུ་གདན་དྲངས་ནས་གནས་སྐབས་སུ་བྱམས་ཆེན་དགོན་གྱི་ཆོས་བསྒྱུར་གླིང་ (大慈恩寺翻经院内) དུ་བཞུགས། དེ་ནས་པེ་ལུ་ཡོན་ (白鹿原) དུ་གདན་དྲངས། དེ་ཡང་གོ་ཐོས་སུ། ཁོང་གི་གདུང་བཅོས་ཀྱི་ཉིན་མོ་དེར་རྒྱལ་སའི་ཉེ་འཁོར་གྱི་ལེ་བར་ལྔ་བརྒྱ་ཚུན་ཆད་དུ་དད་ལྡན་བྱེ་བས་གང་ཞིང་། དད་ལྡན་ཁྲི་ཕྲག་གསུམ་ལྷག་ཙམ་མཚན་མོར་ཡང་གདུང་རྟེན་གྱི་ཉེ་འཁོར་དུ་སྨོན་ལམ་བརྒྱབ་ནས་བསྡད། ཁོང་ཞི་བར་གཤེགས་པ་ནའང་སྙིང་ནས་དད་པ་བྱེད་མཁན་དེ་ལྟར་མང་བའི་རྒྱུ་མཚན་ནི་བར་དུ་ཁོང་གིས་བསྟན་འགྲོའི་དོན་ཇི་ལྟར་མཛད་པ་ལ་རག་ལས་ཡོད་པའང་ཤེས་དགོས་སོ།།   

    པེ་ལུ་ཡོན་གྱི་སྐུ་གདུང་མཆོད་རྟེན་དེ་གོང་མའི་ཕོ་བྲང་ནས་བལྟས་ཙམ་གྱིས་གསལ་བར་མཐོང་བས། ནམ་ཡིན་ཡང་གོང་མ་གོ་ཙུང་གི་དྲན་གདུང་སྐྱེད་པར་བྱེད་པས་ན། སྤྱི་ལོ་༧༧༩ལོ་སྟེ། ཐང་ཙོང་ཀྲང་སྲིད་ལོ་གཉིས་ 唐总章二年)བར་གོང་མའི་བཀའ་ཕབ་སྟེ་གདུང་རྟེན་དེ་ཉིད་ཧྥན་ཁྲོན་ཧྥིན་ཞིས་ཡོན་གྱི་བྱང་རྩེར་ (樊川凤栖原北岗)གནས་སྤོས་ཏེ། རྒྱལ་སྲུང་བསྟན་དར་དགོན་ (护国兴教寺) ཞེས་གསར་དུ་བཏབ་ཅིང་དེར་སྐུ་གདུང་མཆོད་རྟེན་བཞེངས་ནས་བཞུགས་སུ་གསོལ་ལོ།། ཧྥན་ཁྲོན་ཞེས་པ་དེ་ཐང་གི་ཁྲང་ཨན་གྱི་ཡུལ་བཀྲ་ཆེས་ཡག་ཤོས་སུ་གཏོགས་ཤིང་། ནང་བསྟན་གྱི་དགོན་སྡེ་ཡང་ཆེས་མང་ས་ཞིག་ཡིན་ནོ།། དེར་བསྟན་དར་དགོན (兴教寺) ་དང་སྡོང་རྒྱན་ (华严寺) དང་དྲི་སྤུངས་དགོན་ (香积寺) སོགས་ཧན་ཁྲོན་དགོན་ཆེན་བརྒྱད་ཅེས་ (樊川八大寺) ཅེས་གྲགས་པ་ཡོད་ཅིང་། དེ་ལས་བསྟན་དར་དགོན་ (兴教寺) ནི་དགོན་ཆེན་བརྒྱད་ཀྱི་གཙོ་བོ་ཡིན་པར་བཤད་དོ།།  

    དགོན་པ་དེ་བཏབ་རྗེས་སུ་དམག་འཁྲུགས་ཀྱིས་ཡང་ཡང་འཇིག་ཅིང་རྒྱལ་རབས་སོ་སོའི་སྐབས་སུ་བསྐྱར་གསོ་ཡང་མང་བོ་བྱས་ལ། དུས་རབས་བཅུ་དགུ་བ་ཆིན་གུར་གྱིས་དབང་བསྒྱུར་བའི་སྐབས་སུ་ཡང་དགོན་པའི་འདུ་ཁང་དང་ལྷ་ཁང་གྲྭ་ཤག་དང་བཅས་པ་ཕལ་ཆེར་དམག་འཁྲུགས་ཀྱིས་འཇིག་པར་བྱས་མོད། འོན་ཀྱང་ཡ་མཚན་པ་ཞིག་ལ་སྐུ་གདུང་མཆོད་རྟེན་གསུམ་ཙམ་ནི་ལྷག་མར་ལུས་སོ།། དེ་ནས་སྤྱི་ལོ་༡༩༢༢ལོར་སླར་ཡང་བསྐྱར་བཞེངས་བྱས་པས་དེང་སང་མཐོང་བའི་འདུ་ཁང་ལྷ་ཁང་དང་བཅས་པ་ཕལ་མོ་ཆེ་ཉེ་རབས་ཀྱི་བཞེངས་བསྐྲུན་འབའ་ཞིག་ཡིན་འདུག་གོ།

    སྨྲས་པ། 

ཟླུམ་གཟུགས་གོ་ལ་ཡངས་པོའི་ཤར་གྱི་ཆར། །

སྲིད་འབྱོར་མངོན་པར་དར་བ་ལྷ་གླིང་ཞེས། །

གྲགས་སྙན་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་དུ། །

མཛེས་པའི་རྒྱལ་ཁམས་བྱུང་བའི་ལོ་རྒྱུས་རིང་། །

ཚུལ་དང་ཚུལ་མིན་འདི་དང་འདིའོ་ཞེས། །

བླང་དང་དོར་བྱའི་གནས་ལུགས་སྟོན་བྱེད་དུ། །

བཏགས་པའི་གཞུང་ལུགས་སྐར་མ་ལྟ་བུ་དང་། །

ཟླ་བ་ལྟ་བུས་ཡུལ་འདི་ཡུན་རིང་བསྐྱངས།།


འོན་ཀྱང་དལ་འབྱོར་སྙིང་བོ་རྣམ་གྲོལ་གྱི། །

ལམ་ལ་ཇི་ལྟར་སྤྱོད་པའི་ཆོས་ཀྱི་མིག།

གསལ་བྱེད་ངོ་མཚར་འདི་ཕྱིའི་དོན་རྣམས་ཀུན། །

བདེ་བླག་ཉིད་དུ་འགྲུབ་བྱེད་ད་དུང་མེད། །


གང་ཚེ་གླིང་དེའི་གདུལ་བྱའི་སེམས་ཀྱི་རྒྱུད། །

སྨིན་པའི་དུས་ལ་བབས་པ་ཧན་ནས་བཟུང་། །

འཇིག་རྟེན་འཇིག་རྟེན་ལས་འདས་གནས་ལུགས་ཀུན། །

གསལ་བྱེད་ཉི་མ་ལྟ་བུའི་ཐུབ་བསྟན་དར། །


མདོ་དང་བསྟན་བཅོས་མང་བོ་ཚུར་ལ་བསྒྱུར། །

དེ་དོན་འགྲེལ་བྱེད་གཞུང་ཡང་མང་དུ་བརྩམས། །

སྐལ་བཟང་གདུལ་བྱ་མང་བོ་སྨིན་གྲོལ་དུ། །

བཀོད་པའི་གཏམ་བཟང་གཟུར་གནས་མང་བོར་གྲགས། །


དེ་ལྟ་མོད་ཀྱང་མདོ་དོན་རྟོགས་དཀའ་ཞིང་། །

འགྲེལ་བྱེད་གཞུང་ལུགས་མ་ཚང་མཁས་རྣམས་ཀྱང་། །

སྒྲོ་འདོགས་མ་ཆོད་རང་རང་བློས་བྱས་ཀྱིས། །

རྒྱལ་གསུང་རྒྱལ་བའི་དགོངས་ལས་ཕྱི་ཕྱིར་དྲངས། །


དེ་ཚེ་མ་ཧཱ་ཙི་ནའི་བསྟན་འགྲོའི་ཆེད། །

བསམ་བཞིན་རྒྱ་ཡི་ཡུལ་དུ་ཐ་མལ་བཞིན། །

སྐྱེས་པ་བཞེས་ཁྱོད་འཁྲུངས་ཚེ་བྱིས་པའི་བློ། །

མཚར་བསྐྱེད་མེད་ཀྱང་དམ་པའི་རང་རྟགས་མང་། །

ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23689354
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།