
༄༅། །དཔལ་ལྡན་བྱ་ཁྱུང་ལ་བསྔགས་པའི་རབ་ཏུ་བྱེད་པ་ལི་ཤིའི་མེ་ཏོག
ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ།
༄༅། ། རྒྱ་ཆེན་ཤེས་བྱའི་ཁྱོན་དང་མཉམ་འཇུག་པའི། །
དཔལ་སྟུག་མཁྱེན་པའི་ཆ་ཤས་མ་ལུས་པ། །
གཅིག་བསྡུས་བྱི་རུའི་མདངས་འདྲེས་གསེར་བཟང་སྐུ། །
རྨོངས་གཅོད་རལ་གྲི་གདེངས་པ་དེ་ལ་འདུད། །
བེེ་ཌྰུར་ཞུན་མས་གཡོགས་པའི་ཏམ་བུ་རའི། །
ཟབ་དོན་དབྱངས་ལ་ཆགས་པའི་ཚངས་སྲས་ཀྱེ། །
བདག་མགྲིན་དྲི་ཟ་དགའ་བའི་ཚལ་ཡངས་སུ། །
དགྱེས་དགུར་རོལ་ནས་ངག་གི་དབང་ཕྱུག་སྩོལ། །
བློ་ཆེན་ཡེ་ཤེས་མེ་ལོང་ངུར་སྨྲིག་གར། །
བཟང་བོའི་ལེགས་བཤད་གསེར་སྦྱངས་ལྷུན་པོའི་ཟླ། །
གྲགས་སྙན་འོག་མིན་ཞིང་ན་ལྡིར་བ་ཅན། །
པ་སངས་ཟླ་བ་ཉ་བའི་ལུས་དེ་དྲན། །
དོན་གཉིས་མཐར་ཕྱིན་སྟོབས་བཅུའི་རྩལ་རྫོགས་ཤིང་། །
མཁས་གྲུབ་བྱེ་བའི་གཙུག་ཏོར་རྩེར་འཕགས་ཏེ། །
སྲི་ཞིའི་རིན་ཆེན་ཟླ་མེད་ཙོང་ཁའི་ཡུལ། །
འཇམ་དབྱངས་བྱིས་པ་སྐྱོང་བའི་ཕ་དེ་དྲན། །
ཐུབ་པའི་ལེགས་གསུང་གསུང་གི་སྙིང་བོ་ཆེ། །
ལུང་རིགས་རབ་གསལ་གསལ་བའི་ལེགས་བཤད་ཀྱིས། །
ཉི་མ་ལྟར་མཛད་མཛད་པའི་རྩེ་མོ་ཞེས། །
འཛམ་གླིང་མཁས་པས་བས་མཐའ་མེད་པར་བསྔགས། །
བགྲང་ཡས་བསྐལ་པའི་སྔོན་ནས་མགོན་པོ་འདིས། །
ཐུབ་བསྟན་སྙིང་བོ་སྤེལ་བའི་དམ་བཅའི་ཁུར། །
རྡོ་རྗེའི་ལྷུན་པོ་བརྩེགས་པའི་མངའ་ཐང་ཅན། །
བཟུང་ལ་རབ་འབྱམས་རྒྱལ་བས་མེ་ཏོག་འཐོར། །
དེ་སླད་སྟོང་གསུམ་མི་མཇེད་ཞིང་ཁམས་སུ། །
ཟབ་གསང་ཟུང་འཇུག་གནད་ཀྱི་རྡོ་རྗེའི་རྒྱ། །
གྲོལ་བའི་ཚུལ་ལ་ས་བཅུའི་དབང་ཕྱུག་ཀྱང་། །
བསྙེམས་པའི་རི་བོ་ཡུས་ཀྱིས་རྨང་ནས་ཉིལ། །
བྱ་ཆེན་ཁྱུང་གི་མིང་ལྡན་པའི། །
རྨད་བྱུང་ས་འཛིན་ལྷུན་ཆགས་པར། །
རྒྱུ་སྐར་ཕྲེང་ཐག་ཆད་འདྲ་བའི། །
གནས་ལ་མཆོད་པའི་སྤྲིན་ཕུང་གཏིབ། །
ཡེ་ཤེས་མེ་ལོང་བྱིས་པའི་གཟུགས། །
གུར་ཀུམ་ཚོན་གྱིས་བསྒོས་པའི་ཡུལ། །
ཐེག་ཆེན་ཆོས་ཀྱི་ཡོན་ཏན་ཀུན། །
དར་ཞིང་རྒྱས་པའི་གླིང་འདི་མཚར། །
ཆོས་མངོན་སྨྲ་བའི་ཉི་མ་ཆེ། །
མཆིམས་ཀྱིས་དོན་གྲུབ་རིན་ཆེན་ལ། །
ལུང་བསྟན་མེ་ཏོག་འདབ་སྟོང་བ། །
གཙུག་ཏུ་བཅིངས་པའི་དགེ་མཚན་ཤར། །
ཡང་གཅིག་འཇམ་དཔལ་ཁྲོས་པ་ཡི། །
ཞལ་དཀྱིལ་དངོས་སུ་མཇལ་འདོད་ན། །
མདོ་སྨད་ཡུལ་དུ་སོང་ཞིག་དང་། །
དངོས་སུ་མཇལ་བ་འོང་ངོ་གསུངས། །
ས་དཔྱད་སྤོར་ཐང་གཙུག་ལག་གི ། །
གྲུབ་ཆ་འཇིག་རྟེན་བྱེད་པོ་ཡིས། །
ཆེད་དུ་བསྐྲུན་པ་ལྟ་བུ་རུ། །
བྱུང་བ་འདྲེན་བྱེད་ལམ་དུ་གསལ། །
སྐྱེས་མཆོག་བཛྲ་སཱ་ངྷུ་ཡིས། །
འཕགས་མཆོག་རོལ་བའི་རྡོ་རྗེ་ལ། །
ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་། །
ཞེས་པ་དགོན་པའི་མཚན་དུ་ཞུས། །
ཁྱད་པར་འཇམ་དབྱངས་གཞོན་ནུ་དེ། །
མདོ་སྔགས་ཆོས་ཀྱི་སྒོ་མོ་ཆེར། །
ཞུགས་ནས་བཤད་སྒྲུབ་དཔག་བསམ་གྱི། །
ལྗོན་པའི་རྩ་བ་བརྟན་པོར་ཚུགས། །
མི་ཡི་འཇམ་དབྱངས་གཞོན་ནུ་དེས། །
བརྟན་པའི་འཁོར་ལོ་བསྙེན་པ་ལས། །
ཤིང་རྡོ་རྩིག་པའི་མེ་ལོང་ལ། །
ཡི་གེའི་རི་མོའི་འཕྲ་ཚོམ་ཤར། །
ལྔ་བདོའི་ཡང་ཐའི་དུས་འདིར་ཡང་། །
རྡོ་དང་ཇེ་འུར་ཡི་གེའི་འབྲུ། །
གསལ་བར་བཀྲ་བ་བདག་ལྟ་བུའི། །
མིག་ལ་ཤར་བའང་བརྩིར་མི་ལང་། །
ངེས་དོན་དམ་པའི་སྐྱེས་བུ་འགའ། །
།བྱོན་དུས་འཇའ་གུར་ཟླུམ་པོ་ཡང་། །
ཆེད་དུ་བྱེད་པོས་བཀྲམ་འདྲ་བར། །
ཤར་བ་མིག་གི་གཟིགས་མོར་བསྟར། །
ཡབ་རྗེ་བགྲང་བྱ་ཞེ་གཅིག་སྟེང་། །
ཆོས་སྡེ་ཆེན་པོ་བཏབ་པ་ནས། །
དགུང་གྲངས་དོན་བདུན་འདས་ཀྱི་བར། །
འཆད་ཉན་གའི་རྒྱུན་ལ་བསྡེབས། །
བགྲང་བྱའི་ཉག་མ་བརྒྱ་ཕྲག་དྲུག །
འདས་པའི་རིང་ལ་གློག་སྤོང་གི ། །
བྱ་བ་གསེར་ལྡན་ཆུ་བོ་མས། །
ནཱ་ལེཎྜྲ་ཡི་མཆེད་པོར་བསྐྲུན། །
གསེར་རིས་སྤ་བའི་སྒྲོམ་བུའི་ནང་། །
རིན་ཆེན་ནོར་གྱིས་མ་གཏམས་ན། །
བཅུད ཀྱིས་སྟོངས་པའི་བུམ་པ་བཞིན། །
མཁས་རྣམས་ཁྲེལ་བའི་གཞི་ལས་ཅི། །
བསམ་སྦྱོར་དགའ་བའི་གཤོང་བ་ལ། །
བླ་མའི་བྱིན་རླབས་ཆུ་བོ་འབུམ། །
འཁྱིལ་ལས་སྤངས་རྟོགས་ཡོན་ཏན་འབྲས། །
ལྷུན་གྱིས་གྲུབ་པའི་དཔག་བསམ་འཁྲུངས། །
རྩ་བ་མེད་པའི་རྩེ་མོ་བརྒྱ། །
འཚལ་དུ་བཀྲ་བ་མང་མཆིས་ཏེ། །
མདོ་རྒྱུད་ཚད་མ་དཔང་བཞག་ནས། །
ཅི་ཞིག་བརྟག་པར་བྱ་བའི་གཞི། །
དཔག་ཡས་ཆོས་ཚུལ་རིན་ཆེན་འབྱུང་། །
བླ་མའི་རྣལ་འབྱོར་མནྟ་རས། །
བསྲུབས་ལས་གྲུབ་གཉིས་ཉི་ཟླའི་འཕྲེང་། །
ཤར་བ་འདི་ལས་གཞན་ན་གང་། །
ལྡན་དཔྱིད་ཀྱི་ཕོ་ཉ་མོས། །
མགྲིན་གླུ་བསྒྱུར་པས་གཞན་ཡིད་འགུགས། །
ནགས་ཚལ་སྟུག་པོའི་ཤྭ་ན་མོས། །
གཞན་ཟིལ་གནོན་པ་དངོས་པོའི་གཤིས། །
ཚད་གཞུང་ཆར་སྤྲིན་སྟུག་པོ་ལས། །
དངོས་སྟོབས་རིགས་པའི་གློག་ཞགས་ཀྱིས། །
རྒོལ་བའི་བྲག་སྐྱ་ཕྱེར་བཏགས་ནས། །
རྣམ་རྒྱལ་གྲགས་པའི་རྒྱལ་རྔ་བརྡུངས། །
བློ་གྲོས་མིའུ་ཐུང་གོམ་གཅིག་གིས། །
དབུ་ཕར་འདུལ་མངོན་ས་ཆེན་ཁྱོན། །
གཞལ་བས་རྟོག་གེ་ལྷ་མིན་སྡེ། །
བརྟན་པ་ཕྲོགས་ཏེ་ས་འོག་བཅིངས། །
སྒྲ་ཚད་བཟོ་དང་གསོ་རིག་ལ། །
མང་ཐོས་རྒྱ་མཚོའི་མཐར་སོན་པས། །
ཀུན་ལས་རྒྱལ་བའི་དཔལ་མཐོང་ནས། །
མཁས་རྣམས་དགྱེས་པའི་མགོ་ལྕོག་ལྡེམ། །
འཕགས་བོད་གཞུང་བརྒྱའི་ཟབ་གནད་འཕྲུལ། །
ནམ་མཁའི་གྲུ་ཆེན་ལ་ཞུགས་ཏེ། །
མཐའ་མེད་དབྱིངས་ཀྱི་མཐའ་བརྒལ་ནས། །
ཐར་བ་ཆེན་པོའི་གྲོང་དུ་གཤེགས། །
རྣ་བརྒྱད་ཚངས་པས་མ་ཐོས་ཤིང་། །
མིག་སྟོང་དབང་བོས་མ་མཐོང་བ། །
རྡོ་རྗེ་ཐེག་པའི་ངོ་མཚར་འབུམ། །
ཐུགས་གསང་མེ་ལོང་ངོས་ན་གསལ། །
འབྱུང་གསེར་གཞི་ལ་བརྟེན་པའི། །
བག་ཡོད་རིན་ཆེན་ཐེམ་སྐས་ལས། །
ངེས་འབྱུང་ཁྲིམས་ཀྱི་ཁང་བཟང་རྩེར། །
ཉེས་འདི་ཐར་བའི་རྒྱལ་མཚན་བསྒྲེངས། །
བྱམས་སྙིང་འཁོར་ལོ་ཟུང་ལྡན་པའི། །
བྱང་སེམས་གསེར་གྱི་ཤིང་རྟ་ཆེ། །
སྤྱོད་པའི་ནོར་བུས་ཡོངས་གང་སྟེ། །
འགྲོ་ལ་སྦྱིན་པའི་དཔལ་དུ་ཆས། །
རྣམ་དག་དབང་བཞིའི་འཛིན་མ་ལ། །
དམ་སྡོམ་འཁྲི་ཤིང་རབ་རྒྱས་པར། །
བཟླས་སྒོམ་མེ་ཏོག་ཟེའུ་འབྲུ་ལས། །
ལས་བཞི་སྦྲང་རྩིའི་གཏེར་བརྒྱ་བརྡོལ། །
བྱིང་རྒོད་གཡོ་རླུང་དང་བྲལ་བའི། །
ཞི་གནས་ཏིང་འཛིན་བརྟན་པོའི་མཁར། །
བྱུང་དང་འབྱུང་བའི་རི་མོ་འབུམ། །
འགོག་མེད་ཤར་བའི་གཟིགས་མོར་འབྱམས། །
སྣང་སྲིད་ཤེས་བྱའི་འཁོར་ལོ་ཀུན། །
སྣང་སྟོང་དབྱེ་བ་འདི་རྟོགས་ཏེ། །
སྣང་གྲག་རིག་གསུམ་སྒྱུ་མ་བཞིན། །
སྣང་ཙམ་ཉིད་ནས་གསལ་ལེར་གཟིགས། །
མ་དག་སྣང་ཞེན་འཛིན་མའི་ཁྱོན། །
ང་རྒྱལ་གསལ་སྣང་གོམ་གཅིག་གིས། །
རྣམ་གནོན་ངོ་མཚར་སྒྱུ་འཕྲུལ་གྱིས། །
བདུད་བགེགས་སྟོབས་ལྡན་ས་འོག་བདས། །
ཤེས་རབ་ཉི་མ་ཙ་ཎྚ་ལིས། །
བདེ་ཆེན་ཟླ་བ་ཞུ་བ་ཡིས། །
དགའ་བཞིའི་ལང་ཚོ་ཆེར་འབར་བ། །
ངེས་དོན་རིག་སྔགས་འཆང་བའི་རྒྱན། །
འཁོར་ལོ་བཞི་ལྡན་ཐོབ་དུས་འདིར། །
སྒོ་གསུམ་ཆོས་ལ་གཞོལ་གྱུར་ན། །
ཆོས་གཟུགས་སྐུ་གཉིས་འཐོབ་འགྱུར་ཞེས། །
འདོམས་ཕྱིར་རྩེ་གཅིག་སྒྲུབ་ལ་དགྱེས། །
དེ་ལྟའི་དམ་པའི་སྐྱེས་བུའི་ཚོགས། །
དྲུག་བརྒྱའི་བགྲང་བྱར་རིམ་པ་བཞིན། །
བྱོན་པའི་ངང་ཚུལ་རྗེས་དྲན་ཏེ། །
རང་བཞིན་བརྗོད་པའི་ཚིག་གིས་སྦྲེང་། །
འཇམ་མགོན་བླ་མ་ཡབ་སྲས་ཀྱི། །
ཐུགས་བསྐྱེད་འོ་མཚོ་འཁྱིལ་བའི་གླིང་། །
འདི་ཡི་འཁོར་ལོ་གསུམ་གྱི་དཔལ། །
གཡར་ཟླའི་འཕེལ་བར་འགྲན་ན་ཡང་། །
དཀར་མིན་ལས་ཀྱི་རྟེན་འབྱུང་གི། །
འབྲས་སྐལ་མཚོ་ལྟར་བརྡོལ་བའི་ཚེ། །
ཉི་ཟེར་རེག་པའི་བ་མོ་བཞིན། །
མིང་གི་ལྷག་མ་ཙམ་དུ་གྱུར། །
འོན་ཀྱང་ཐུགས་བསྐྱེད་རླུང་ཤུགས་ཀྱིས། །
རྒྱལ་བསྟན་ཉི་མའི་དཀྱིལ་འཁོར་ཆེ། །
གླིང་འདིའི་མཁའ་ལ་དྲངས་པའི་ཚེ། །
སླར་ཡང་རྗེས་དྲན་བསྔགས་པས་མཆོད། །
ལེགས་བཤད་གསུང་གི་ཆ་ཤས་རེར། །
རྒྱལ་ཀུན་དགོངས་པའི་བཅུད་འཁྱིལ་བ། །
ངེས་དོན་བཤེས་གཉེན་དམ་པའི་ཕྲེང་། །
འཕྲ་ཚོམ་སྤུངས་པ་ལྟ་བུར་བྱོན། །
བཀའ་དང་དགོངས་འགྲེལ་ཆེན་མོ་ཡི། །
ཟབ་དོན་ཐང་མར་བརྡལ་བ་ལ། །
མི་འཇིགས་གདོང་ལྔའི་རྩལ་རྫོགས་པའི། །
མཁས་པས་ས་འདི་ཁྱབ་པ་བྱུང་། །
ཡུལ་སྦྱོར་འབྲས་བུའི་དངོས་པོ་བརྒྱད། །
ཤེར་མདོའི་སྦས་དོན་བདུན་ཅུ་ཡིས། །
མཚོན་ཚུལ་རབ་གསལ་མེ་ལོང་མཆོག །
འཕགས་སེང་ལྟ་བུའི་དམ་པ་བྱོན། །
ཀླུ་སྒྲུབ་གཞུང་ལུགས་རིགས་པའི་ཚོགས། །
ཟླ་བའི་ ལེགས་བཤད་ཀྱིས་གསལ་བའི། །
སྲིད་རྩ་འདོན་པའི་བློ་གྲོས་ཅན། །
བློ་བཟང་རྒྱལ་བ་དགྱེས་པ་མང་། །
ཆོས་མངོན་མཛོད་དང་འདུལ་བའི་མདོར། །
མངོན་པའི་རྒྱན་དང་ཉི་མའི་ཟེར། །
འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་གྱི། །
གཞུང་ལ་ལུང་རིགས་གད་རྒྱངས་བསྒྲགས། །
འཆད་པས་གདུལ་བྱའི་བློ་མུན་བསལ། །
རྩོད་པས་ལོག་རྟོག་བྲག་རི་གསིལ། །
རྩོམ་པས་མཁས་དགུའི་ཡིད་འཕྲོག་པའི། །
ངེས་དོན་དམ་པ་མང་བོ་བྱོན། །
རིམ་གཉིས་རྣལ་འབྱོར་མཐར་ཕྱིན་པས། །
སྣང་སྲིད་དྲེགས་པ་ཟིལ་གནོན་ཅིང་། །
དམ་ཅན་གཤིན་རྗེ་བྲན་བཀོལ་བའི། །
གྲུབ་བརྙེས་སྐྱེས་བུ་དུ་མ་བྱུང་། །
ཐུབ་པ་གངས་ཀྱི་རི་བོ་ལས། །
འོངས་པའི་ལུང་རྟོགས་ཆུ་བོ་བརྒྱར། །
བློ་ལྡན་ངུར་བའི་ཁྱུ་འཁྲིགས་པའི། །
ཆོས་ཀྱི་རྒྱ་མཚོ་ཆེ་འདི་མཚར། །
འཇམ་མགོན་ཐུགས་བསྐྱེད་གསེར་ལྡན་མར། །
རིག་གྲོལ་འདུས་པའི་ལྷུན་པོ་བརྗིད། །
ལྷ་བླའི་ཉི་ཟླ་རབ་གསལ་བའི། །
ཐེག་ཆེན་ཆོས་ཀྱི་མཎྜལ་མཛེས། །
ངེས་འབྱུང་ཁྲིམས་ཀྱི་རྩ་བ་བརྟན། །
སྡོམ་པ་གོང་མའི་གྲིབ་བསིལ་སྣུམ། །
ཐེག་གསུམ་འབྲས་བུས་ཡོངས་དུད་པའི། །
ཆོས་ཀྱི་ལྗོན་ཤིང་དད་པའི་ཞིང་། །
ཤིང་རྡོ་རྩིག་པའི་མེ་ལོང་ལ། །
རང་བྱོན་སྣང་བ་དཔག་མེད་པས། །
མཐོང་ཐོས་འབྲེལ་ཚད་དོན་ལྡན་དུ། །
གྲུབ་པས་སྐལ་ལྡན་ཡིད་དབང་འགུགས། །
ཕལ་ཆེར་ཐོས་བསམ་ཀློག་པས་བྲེལ། །
ལ་ལ་ཏིང་འཛིན་མལ་སྟན་ཆགས། །
གཞན་དག་རྟེན་བཞེངས་མཆོད་ལ་བརྩོན། །
འཁོར་ལོ་གསུམ་ལྡན་བྱ་ཁྱུང་བྲག །
ཕྱི་དབྱིབས་འབྲོག་གི་རི་བོར་འགྲན། །
ནང་ན་རྟེན་གྱི་བཀོད་པ་སྤུངས། །
གསང་བ་བཤད་སྒྲུབ་ནཱ་ལེཎྜྲ། །
མདོ་སྨད་ནོར་འཛིན་མཛེས་པའི་རྒྱན། །
བདེ་གཤེགས་མོས་པ་སྣང་མཛད་ཀྱི། །
རྣམ་འཕྲུལ་དོན་གྲུབ་རིན་ཆེན་ཞབས། །
གང་གི་གདུང་རྟེན་མཆོད་སྡོང་ལས། །
བདུད་རྩིའི་ཟིལ་བ་ཕྲོམ་མེར་འབྱུང་། །
དགའ་ལྡན་གསེར་གྱི་ཁྲི་འཕང་ལ། །
འགྱིངས་པའི་གསེར་གྱི་ཀ་བ་བཞི། །
ཕྱག་ན་པདྨོ་རྣམ་གསུམ་གྱིས། །
ཞབས་སྐྱེས་གཙུག་གི་ནོར་བུར་བཞེས། །
ཟུར་ཕུད་ལྔ་བ་མི་རྗེའི་སྲོལ། །
གནམ་བསྐོས་གོང་མ་ཆེན་ལུང་གིས། །
ཐེག་ཆེན་ཡོན་ཏན་དར་རྒྱས་པའི། །
གླིང་ཞེས་བསྔགས་པའི་གསེར་ཡིག་ཕབས། །
སྡེ་འདིའི་ཡོན་ཏན་ཕྲ་མོ་ཡང་། །
བདག་ལྟས་བརྗོད་ཀྱིས་ག་ལ་ལང་། །
སྐྲ་རྩེས་བཟུང་བའི་ཐིགས་པ་ཙམ། །
རང་གཞན་དད་པའི་རྐྱེན་དུ་སྤེལ། །
འདིར་འབད་ལེགས་བྱས་ཏེ་སེ་རི་བོ་ལ། །
བཅོ་ལྔའི་ཟླ་འོད་འབུམ་ཕྲག་ལྟུང་འདྲ་དེ། །
མི་ཕམ་འཇམ་དབྱངས་ཀུན་བཟང་སྨོན་ལམ་དང་། །
ཀུན་ནས་འདྲེས་ཤིང་རོ་གཅིག་ཉིད་གྱུར་ཅིག །
སྡེ་འདིར་བྱོན་དང་འབྱོན་འགྱུར་ཇི་སྙེད་པས། །
འདི་ཕྱིའི་ལེགས་ཚོགས་ཀུན་གྱི་རྩ་བ་མཆོག །
མཚན་ཉིད་ལྡན་པའི་ངེས་དོན་བཤེས་གཉེན་ལ། །
སེམས་དགུའི་རྩལ་གྱིས་འབྲལ་མེད་སྟེན་པར་ཤོག །
མཁས་པ་གཏིང་མཐའ་མི་མངོན་རྒྱ་མཚོའི་འཇིང་། །
བཙུན་པ་ཉེས་པས་མ་གོས་ས་ལེ་སྦྲམ། །
བཟང་པོ་པོ་འཆི་མེད་བདུད་རྩི་འཁྱིལ་འདྲ་བའི། །
དམ་པའི་ཚོགས་ཀྱིས་སྡེ་འདི་གང་གྱུར་ཅིག །
འཆད་པས་སྐལ་ལྡན་བློ་ཡི་སྒོ་བརྒྱ་འབྱེད། །
རྩོམ་པས་དཔྱོད་ལྡན་ཡིད་ལ་འགྱུར་བ་སྐྱེད། །
རྩོད་པས་རང་གཞན་ལོག་རྟོག་བྲག་རི་གཞོམ། །
དེ་ལྟའི་ཚོགས་ཀྱིས་གནས་འདི་གང་གྱུར་ཅིག །
དམིགས་མེད་སྙིང་རྗེ་ཆེན་པོ་ཞུ་བའི་མཚོ། །
ཁ་བའི་ཡུལ་དུ་ལྷག་པར་འཕྱུར་བ་ཅན། །
པད་དཀར་འཁྲི་ཤིང་ཕྱག་ན་གསོ་བ་དེའི། །
བཞེད་དགུའི་སྙིང་བོ་མྱུར་དུ་འགྲུབ་གྱུར་ཅིག །
བཅོམ་ལྡན་གཟི་བརྗིད་རྒྱལ་པོ་དགྱེས་པའི་འཛུམ། །
ལྷུགས་པར་གྲོལ་བ་མཆོག་གི་ཞབས་སྟེགས་ཁྲི། །
རྡོ་རྗེ་སྙིང་བོའི་ཁམས་སུ་ཡོངས་གྲུབ་ཅིང་། །
དགོངས་ཟབ་འབད་མེད་ཇི་བཞིན་ལྷུན་འགྲུབ་ཤོག །
བདག་ཀྱང་མ་འོངས་སྐྱེ་བའི་ཕྲེང་བ་རུ། །
ཡོན་ཏན་བདུན་གྱི་རྒྱན་དང་མི་འབྲལ་ཞིང་། །
མི་ཕམ་འཇམ་དབྱངས་ལྟ་བུས་རྗེས་བཟུང་སྟེ། །
རྒྱན་དྲུག་གཅིག་ཏུ་དྲིལ་བ་ལྟར་གྱུར་ཅིག །
མ་དག་མཐའ་ཡས་འཇིག་རྟེན་ཞིང་ཀུན་ཏུ། །
སྡུག་བསྔལ་གསུམ་གྱིས་རྒྱུན་མར་མནར་བའི་མ། །
ཇི་སྙེད་མཁའ་སྤྱོད་འོད་ལྔའི་གུར་ཁང་དུ། །
བདག་ཉིད་གཅིག་པུས་བདེ་བླག་འདྲེན་ནུས་ཤོག །
ཅེས་དགེ་ལྡན་བསྟན་པའི་ཆུ་མགོ་དཔལ་ལྡན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་ལ་རང་བཞིན་བརྗོད་པའི་ངག་གི་ལམ་ནས་ཆེད་དུ་བསྔགས་པའི་ཚིགས་སུ་བཅད་པ་ལི་ཤིའི་མེ་ཏོག་ཅེས་བྱ་བ་འདི་ནི། མཛའ་གཅུགས་དམ་པ་རིན་ཆེན་དོན་གྲུབ་ཀྱིས་ཡང་ནས་ཡང་དུ་བསྐུལ་པའི་ངོ་མ་ཆོག་པར། ཤར་གདོང་སྐྱེ་མིང་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོས་སྤྱི་ལོ༡༩༨༩ ལོའི་སྤྱི་ཟླ༡ཚེས ༡༥ ལ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རང་སྤྱིའི་ཉི་འོད་འཁྱིལ་བར་བྲིས་པ་དགེ། །།
ཡིག་གཏགས་པ་དང་འདོན་སྤྲོད་པ། མཐེབ་ཐོགས་ཕྲུག
|