དོར་ཞི་དགོན་དགའ་ལྡན་ནོར་བུ་གླིང་བསྐྱར་བཞེངས་བྱས་པ།

༧ དོར་ཞི་གདོང་དྲུག་སྙེམས་བློ།
དོར་ཞི་གདོང་དྲུག་སྙེམས་བློ་ལགས་ནི༡༩༣༦ ལོར་ཀན་སུའུ་དཔའ་རིས་སུ་སྐུ་འཁྲུངས། ༡༩༨༢ ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་དཔེ་ཁྲིད་ཀྱི་ཕྱག་ལས་གནང་བ་དང་། ༡༩༦༥ ལོར་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་དང་། ༡༩༨༦ ཀན་སུའུ་ཞིང་ཆེན་གྱི་དགེ་རྒན་ཕུལ་བྱུང་ཅན། ༡༩༨༧ ལོར་ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་དཔེ་ཁྲིད་སློབ་བུ་གསོ་སྐྱོང་ཕུལ་བྱུང་ཅན་སོགས་བྱ་དགའ་མང་པོ་བླངས་མྱོང་། ཁོང་ནི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་ཞིབ་འཇུག་པ་དང་། བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ལས་འཛིན་ཚོགས་པའི་ལས་འཛིན། ཀན་སུའུ་ཞིང་ཆེན་བོད་ཀྱི་ཤེས་རིག་ཞིབ་འཇུག་ཚོགས་པའི་འགན་འཁུར་བ་གཞོན་པ། ཀན་སུའུ་ཞིང་ཆེན་མི་རིགས་གྲངས་ཉུང་སྐད་རིགས་ཡིག་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞང་ཀང་བོད་ཀྱི་ཤེས་རིག་ཚོགས་པའི་ཐེངས་གཉིས་པའི་མཚན་འཛིན་འགན་ཁུར་བ། ཨ་རི་རྒྱལ་སྤྱི་རིག་གནས་བརྗེ་རེས་ཐེབས་རྩ་ཚོགས་པའི་ལས་འཛིན་པ་བཅས་ཡིན། ད་ལྟ་ཁོང་ནི་ནུབ་བྱང་མི་རིགས་སློབ་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་པ། རྒྱལ་ཁབ་ཀྱི་དམིགས་བསལ་གྲོན་དངུལ་ལོངས་སྤྱོད་པའི་ཆེད་མཁས་བཅས་ཡིན།
གསུང་རྩོམ་ལ། ནང་བསྟན་ཆོས་ལུགས་དང་། བོད་ཀྱི་སྐད་ཡིག་དང་རྩོམ་རིག་ལོ་རྒྱུས། རིག་གནས་སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔྱད་རྩོམ་ ༥༠ ལྷག་སྤེལ་བ་དང་། རྒྱ་བོད་ཡིག་རིགས་གཉིས་ཀྱི་གསུང་རྩོམ་དེབ་ ༡༤ པར་སྐྲུན་བྱས། དེའི་ནང་ཨ་མེ་རི་ཀར་དེབ་གཅིག་དང་། ཐེ་བན་ནས་དེབ་བཞི་པར་སྐྲུན་བྱས། མི་གཞན་དང་མཉམ་དུ་དེབ་གཅིག་བརྩམས། ནང་བསྒོས་སུ་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་ཞེས་པ་ ༡༩༨༩ ལོར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མཚན་ཉིད་དང་སྤྱི་ཚོགས་རིག་པའི་སྐོར་གྱི་ཞིབ་འཇུག་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་ཐོབ། སྙིང་རྗེ་ལས་མཆེད་པའི་ཤེས་རབ་ཅེས་པ་ཐེངས་མང་བོར་པར་སྐྲུན་བྱས་ཤིང་། ཧི་མ་ལ་ཡ་ནས་ཐོན་པའི་ཤེས་རབ་ཀྱི་སྤྱི་ནོར་དང་། ནང་བསྟན་མཚན་ཉིད་དང་ལྷག་པར་བོད་བརྒྱུད་ནང་བསྟན་གཙུག་ལག་སྟོང་གི་ཕྱི་མོ། རྒྱའི་ཀློག་པ་པོའི་ཁྲོད་དུ་ཆེས་བྲིན་པའི་བསྟན་བཅོས། ནང་བསྟན་རིག་གཞུང་གི་ཁོག་བུབས། ཐེ་བན་དང་ཞང་ཀང་སོགས་ཀྱི་ནང་བསྟན་པར་ཁས་འཆེ་བ་ཁ་ཤས་ཀྱིས་བོད་བརྒྱུད་གསང་སྔགས་ནང་བསྟན་མ་ཡིན་པའི་དགག་རྩོམ་འགལ་འདུའི་ཕུང་པོ་སྤུངས་པའི་ཡིག་ཆ་སྤེལ་པར། ཁོང་གིས་བདུད་སྡེ་ཚར་གཅོད་པའི་གཏམ་རྡོ་རྗེ་ཐོག་མདའ་ཞེས་པདང་། བོད་བརྒྱུད་ནང་བསྟན་གསང་སྔགས་ལས་འཕྲོ་པའི་གནད་དོན་ཁ་ཤས་སོགས་སྤེལ། དེ་མིན་རྟེན་འབྲེལ་བསྟོད་པའི་འགྲེལ་པ་དང་། བོད་བརྒྱུད་ནང་བསྟན་སྐོར་གྱི་དྲི་བ་དྲིས་ལན་བརྒྱ་རྩ་ཉི་ཤུ་སོགས་པར་སྐྲུན་མཛད་ལ། བསྒྱུར་རྩོམ་རྭ་ལོ་ཙྭ་བའི་རྣམ་ཐར་སོགས་ནང་བསྟན་ཆོས་ལུགས་སྐོར་གྱི་གསུང་རྩོམ་ལ་རྒྱ་བོད་ཀློག་པ་པོས་དགའ་བསུ་ཆེན་པོ་ཐོབ་ཡོད།
དེ་ལས་ཁོང་གིས་བསྐྱངས་པའི་སློབ་མ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་མོད། ད་ལྟའི་དུས་སུ་བོད་ཁམས་ན་སློབ་གསོ་དང་ཞིབ་འཇུག་གི་ལས་ལ་གཞོལ་ནས་ཁོང་གི་ཐུགས་ཀྱི་བགྱི་བ་དང་དུ་ལེན་བཞིན་པ་འགའ་རེ་ཕྱོགས་ཙམ་བརྗོད་ན། རྒྱ་ཡེ་བཀྲ་ཤིས་ཕུན་ཚོགས། ཁ་སྒང་བཀྲ་ཤིས་ཚེ་རིང༌། བདུད་ལྷ་རྒྱལ། འབྲོང་བུ་ཚེ་རིང་རྡོ་རྗེ། ཁུ་བྱུག བན་ཁོ། འབའ་གཞུང་རིན་ཆེན་ཚེ་རིང༌། ཁྲི་བསམ་གཏན། པད་མ་འབུམ། སྒོམ་པ་བཀྲ་ཤིས། རེབ་གོང་རྡོ་རྗེ་མཁར་སོགས་མང་ངོ་། །

དོར་ཞི་དགོན་བསྐྱར་སྐྲུན་གྱི་ལས་གཞི་འགོ་བརྩམས་པ།༼ པར་རིས་ཡོང་ཁུངས། ཡོངས་འཛིན་དྲ་བ།༽
དེ་ཡང་དཔའ་རིས་དོར་ཞི་ཞང་གི་མང་ཚོགས་ཀྱི་རེ་ཞུ་ཆེན་པོ་དང་།
དོར་ཞི་ཞང་གི་ཡུལ་གཞན་དུ་ལས་ཀ་སྒྲུབ་མཁན་དང་། ཞིང་ཆེན་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་།
དེ་མིན་དོར་ཞི་རིན་པོ་ཆེའི་ལས་འབྲེལ་དགེ་ཕྲུག་རྣམས་ཀྱི་རེ་འདོད།
སྒོས་སུ་མཚོ་སྔོན་གྱི་ཚོས་པོའོ་ལིན་དང་། པེ་ཅིང་གི་ཤུའུ་དབྱིན་ཐིན།
ས་གནས་ཀྱི་ཀྲང་རིན་ཆེན་སོགས་དགེ་བསྙེན་རྣམས་ཚབ་བྱས་པའི་དད་ལྡན་དག་གིས་སེམས་བསྐྱེད་ཆེན་པོའི་འོག 《ཝུ་ཝེ་གྲོང་ཁྱེར་མི་རིགས་ཆོས་ལུགས་ཅུའི་ཡིག་ཆ༼
ཝུ་ཝེ་མི་རིགས་ཆོས་ལུགས་ཅུས་སྤེལ ༽༼ ༢༠༠༦ ༽ཨང༠༧》༼ ༢༠༠༦ལོའི་ཟླ༢པའི་ཚེས༡༧ཉིན་སྤེལ ༽འདིས་བརྒྱུད་སྤེལ་བྱས་པའི《ཀན་སུའུ་ཞིང་ཆེན་ཆོས་ལུགས་ལས་དོན་ཅུའི་ཡིག་ཆ༼ ༢༠༠༦ ༽ཨང༢》དང་། 《ཀན་སུའ་ཞིང་ཆེན་ཆོས་ལུགས་ལས་དོན་ཅུའི་འབྲེལ་ཡོད་ཆོས་ལུགས་བྱེད་སྒོ་སྤེལ་གནས་འཛུགས་པའི་ཆོག་མཆན》༼ ༢༠༠༦ལོའི་ཟླ༡པོའི་ཚེས༢༤ཉིན་སྤེལ ༽སོགས་ཡིག་ཆའི་དགོངས་ཚུལ་ལྟར།
དཔའ་རིས་བོད་རིགས་རང་སྐྱོང་རྫོང་དོར་ཞི་དགོན་གྱིས་ལོ་ངོ་བཅུ་ལྷག་ལ་གྲ་སྒྲིག་དང་།
གནས་འདེམ། འཆར་ཇུས་བཅས་བྱས་རྗེས།
༢༠༡༣ལོའི་ཟླ༦པའི་ཚེས༢༧ཏེ་ལུགས་རྙིང་གི་ཟླ༥བའི་ཚེས༢༠ཉིན་བསྐྱར་སྐྲུན་དངོས་སུ་མགོ་བརྩམས་པ་རེད།
དོར་ཞི་དགོན་བསྐྱར་སྐྲུན་ལས་འགོ་ཚུགས་སྐབས་མཁས་དབང་དོར་ཞི་མཆོག་གིས་གསུང་བཤད་གནང་བ།༼ པར་རིས་ཡོང་ཁུངས།
ཡོངས་འཛིན་དྲ་བ། ༽
བསྐྱར་སྐྲུན་མགོ་རྩོམ་ཉིན་མོར།
ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་དང་།
ཀན་སུའུ་ཞིང་ཆེན་བོད་མིའི་རིག་གནས་ཡར་སྐུལ་ཚོགས་པ། ཝུ་ཝེ་གྲོང་ཁྱེར་ཆོས་ལུགས་ཅུའུ།
དཔའ་རིས་རྫོང་མི་དམངས་སྲིད་གཞུང་།
དོར་ཞི་ཞང་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། དགོན་བདག་དོར་ཞི་རིན་པོ་ཆེ།
དེ་མིན་དཔའ་རིས་དགོན་པ་སོ་སོའི་ཚབ་བྱེད་པ་དང་།
སེར་སྐྱ་མང་ཚོགས་བཅས་བསྡོམས་པས་མི༥༠༠ལྷག་ཐེངས་འདིའི་ལས་མགོ་ཚུགས་པའི་མཛད་སྒོར་ཞུགས་ཤིང་།
དགོན་བདག་དོར་ཞི་རིན་པོ་ཆེས་ཀན་སུའུ་ཞིང་ཆེན་རིམ་པ་སོ་སོའི་སྲིད་གཞུང་གིས་ཐུགས་ཁུར་དང་གཟིགས་རྟོགས་གནང་བར་བཀའ་དྲིན་ཞུ་བ་དང་།
དགོན་པ་བསྐྱར་སྐྲུན་བྱས་པར་བརྒྱུད་ཏང་གི་ཆོས་ལུགས་སྲིད་ཇུས་དངོས་འབེབས་དང་དད་ལྡན་མང་ཚོགས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སྣེ་ཁྲིད་པ།
འཆམ་མཐུན་བདེ་འཇགས་ཀྱི་ཁྱིམ་གཞིས་སྐྲུན་ཐུབ་པར་རེ་ཞིང་།
མཚུངས་སུ་དཔའ་རིས་ས་གནས་ཀྱི་ཆོས་ལུགས་རིག་གནས་ཡུལ་སྐོར་ལས་རིགས་མཐོར་འདེགས་དང་། ཆོས་ལུགས་ལས་དོན་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་ཐུབ་པར་སྨོན།
དོར་ཞི་དགོན་དགའ་ལྡན་ནོར་བུ་གླིང་(དགེ་ལྡན་ཆོས་གླིང་)ནི། སྔོན་ཆད་ལང་ཇུས་ལ་གཏོགས་པ་དང་།
ད་ལྟ་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་ས་ཁུལ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ཁོངས་སུ་ཡོད།
མཚོ་ཚད་སྨི་༡༤༦༠ཡས་མས་དང་།
རྫོང་སྲིད་གཞུང་གི་གནས་ཡུལ་རབ་རྒྱས་དགོན་བར་སྤྱི་ལེ་སོ་བརྒྱད་ཡོད།
དགོན་འདི་རབ་བྱང་བཅུ་གཉིས་པའི་མེ་སྟག་སྤྱི་ལོ་༡༦༤༦ལོར་རྒྱལ་དབང་ལྔ་བ་ཆེན་པོའི་དངོས་སློབ་དོར་ཞི་ངམ་རིང་རབ་འབྱམས་པ་དམ་ཆོས་རྒྱལ་མཚན་གྱིས་ཕྱག་འདེབས་གནང་བའི་དགེ་ལུགས་པའི་དགོན་པ་ཞིག་ཡིན།
ཆོས་སྐྱོང་དམག་ཟོར་མ་བསྟེན་ཅིང་།
དགོན་ཧ་ཅང་རྒྱས་པའི་དུས་སུ་བླ་སྤྲུལ་གཅིག་སེར་མོ་བ་སུམ་བརྒྱ་ལྷག་འདུས།
དགོན་བདག་བླ་མ་དོར་ཞི་བ་སྐུ་ཕྲེང་དྲུག་ཕེབས་བྱོན་ཟེར་ཡང་སྐུ་གོང་མ་རིམ་བྱོན་གྱི་རྣམ་ཐར་གྱི་ཡིག་རིགས་དཀོན་པས་འགོད་མ་ནུས།
བླ་མ་ད་ལྟ་བ་དོར་ཞི་གདོང་དྲུག་སྙེམས་བློའི་གནས་ཚུལ་དཔའ་རིས་ཡར་ལུང་དགོན་པའི་ལོ་རྒྱུས་སུ་གསལ།
དགོན་འདི་རབ་བྱུང་བཅུ་བཞི་བའི་མེ་སྟག་སྤྱི་ལོ་༡༨༦༦ལོར་ཧའེ་དམག་གིས་བཅོམ་ཚར། དེའི་སྔོན་དུ་དགོན་པར་གཙུག་ལག་ཁང་དང་ལྷ་ཁང་།
འདུ་ཁང་། གྲྭ་ཚང་།
གྲྭ་ཤག་སོགས་ག་ཚོད་བཞེངས་པ་དང་སྐུ་གསུང་ཐུགས་རྟེན་སོགས་ཅི་འདྲ་བཞུགས་ཡོད་བྱིན་ཅན་དཀོན་པོ་ཤིན་ཏུ་མང་བར་གྲགས།
རབ་བྱུང་བཅུ་དྲུག་པའི་མེ་ཡོས་སྤྱི་ལོ་༡༩༢༧ལོར་དགོན་བདག་བླ་མ་དོར་ཞི་ཤེས་རབ་དར་རྒྱས་ཀྱིས་ཉམས་གསོ་མཛད་དེ་འདུ་ཁང་ཁང་མིག་སུམ་ཅུ་ཅན་བཞེངས།
ད་དུང་བླ་བྲང་གཅིག་དང་གྲྭ་ཤག་མི་ཉུང་བ་ཕུབ། སྐབས་དེར་བཙུན་པ་བཅུ་ལྷག་བཞུགས།
དམངས་གཙོ་བཅོས་བསྒྱུར་གྱི་ཡར་སྔོན་ལ་དགོན་པས་ནོར་ལུག་བརྒྱ་ཕྲག་དང་ས་ཞིང་དང་ནགས་ཚལ་ཉུང་ཉུང་གཉེར།
མཆོད་གཞིས་ནི་དོར་ཞི་ཚོ་བ་ཡིན་ལ་དོར་ཞི་བླ་མའང་འཚོ་བཞུགས་སྐབས་ཡིན།
རབ་རྒྱལ་ས་ཁྱི་སྤྱི་ལོ་༡༩༥༨ལོར་དགོན་པའི་རྟེན་དང་བརྟེན་པ་རྩ་གཏོར་བྱས།
ད་ལྟ་སླར་གསོ་བྱས་པར་བཙུན་པ་བརྒྱད་ཙམ་བཞུགས་སོ། ། དགོན་པའི་ལོ་རྒྱུས་《ཀྲུང་གོའི་བོད་བརྒྱུད་ནང་དགོན་དཀར་ཆག་ལས་ཀན་སུའུ་གླེགས་བམ།》ཞེས་པ་ལས་དྲངས།
ཡོང་ཁུངས། བྱང་ཆུབ་གླིང་གི་དྲ་བ་ལས་བཤུས།
|