༢༠༡༧ ལོའི་སྤྱི་ཟླ་༢པའི་ཚེས་༥ཉིན་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་སུ་རུག་ཆེན་འབྲོག་ཨུ་ཁང་གིས་སྡེ་བའི་ནང་གི་སློབ་ཆེན་སློབ་མ་ཁ་ཤས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་༢༠༡༦ལོའི་ཆུང་འབྲིང་སློབ་མའི་མཇུག་རྒྱུགས་ཀྱི་རྒྱུགས་འབྲས་སྤྱི་སྡོམ་དང་། ༢༠༡༦ལོར་བྱ་དགའ་ཐོབ་པའི་ཆུང་འབྲིང་སློབ་མའི་གཟི་བརྗིད་དཔང་ཡིག་སོགས་ཕྱོགས་བསྡུས་བྱས་ཏེ་སྐབས་དང་པོའི་ཆུང་འབྲིང་སློབ་མར་སྐུལ་མ་གཏོང་བའི་བྱ་དགའི་མཛད་སྒོ་དབུས་ལུང་སུམ་མདོ་རུ་བསྡུས། ཐེངས་འདིའི་བྱ་དགའི་མཛད་སྒོར་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དར་རྒྱས་གཙོས་རྭ་རྒྱ་གྲོང་རྡལ་མི་དམངས་སྲིད་གཞུང་གི་འཐུས་ཚབ་མི་སྣ་དང་། རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་ན་བཞུགས་པའི་སྡེ་བའི་དགེ་སློང་རྒན་པ་ཁ་ཤས། གཞན་སྡེ་བའི་འགོ་ཁྲིད་རྒན་པ་དང་ལས་ཁུངས་སོ་སོ་ནས་ཕྱག་ལས་གནང་བཞིན་པའི་སྡེ་བའི་ལས་བྱེད་པ། དེ་མིན་སློབ་མ༢༠༠ལྷག་དང་སློབ་མའི་ཁྱིམ་བདག་སོགས་མཛད་སྒོ་ལ་ཞུགས་ཡོད། ཐེངས་འདིའི་བྱ་དགའི་རྣམ་གྲངས་ལ་ཐོག་མར་བྱིས་སློབ་ཁང་དང་སློབ་ཆུང་། སློབ་འབྲིང་དང་མཐོ་འབྲིང་བཅས་ཀྱི་སློབ་གྲོགས་ཡོངས་ལ་སྐུལ་མའི་ལེགས་སྐྱེས་ཕུལ་བ་དང་དེ་རྗེས་སྐར་འབྲས་སྤྱི་སྡོམ་བྱས་ཏེ་སྐར་འབྲས་ཀྱི་མཐོ་དམན་ལྟར་ཨང་རིམ་བཀར་ནས་བྱ་དགའ་གནངས་བར་མ་ཟད། གཞན་ལོ་གཅིག་རིང་གི་སློབ་མ་རེ་རེའི་སློབ་སྦྱོང་ཐད་ཀྱི་གཟི་བརྗིད་དཔངས་ཡིག་གི་མང་ཉུང་བསྡུར་ནས་བྱ་དགའ་གནངས་སོ།། ཚོགས་ཐོག་ཏུ་སུ་ཆེན་འབྲོག་ཨུ་ཁང་གི་ཏང་གཙོ་མཁས་གྲུབ་དང་སྡེ་དཔོན་སྙན་གྲགས། གཞན་རྨ་ཆེན་རྫོང་སློབ་གསོ་ཅུའུ་ཡི་བོད་ཡིག་ཁྲིད་དཔྱོད་ཀྱི་འགན་ལེན་པ་དབང་ཆེན་སྟོབས་རྒྱལ་སོགས་ཀྱིས་བྱ་འགུལ་འདི་སྤེལ་དོན་གྱི་དམིགས་ཡུལ་གཙོ་བོ་སྡེ་བ་དང་ས་གནས་ཀྱི་སློབ་གསོ་འཕེལ་རྒྱས་ཐད་ལ་ནུས་པ་ཅུང་ཙམ་རེ་འདོན་པར་དམིགས་ཏེ་བསྒྲུབ་པ་སོགས་བྱ་འགུལ་གྱི་ནང་དོན་དང་འབྲེལ་བའི་གཏམ་བཤད་གལ་ཆེན་གནང་རྗེས་རྒྱལ་ཁ་དང་གཟི་བརྗིད་ཀློང་ནས་མཇུག་བསྡུས།

ན་ཆུང་སློབ་མ་རྣམས་ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་ཚོགས་རའི་ཟུར།
རྨ་ཆེན་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དར་རྒྱས་ཀྱིས་སློབ་གྲོགས་རྣམས་ལ་སྐུལ་མའི་བྱ་དགའ་གནང་བའི་རྣམ་པ།
སུ་རུག་ཆེན་འབྲོག་ཨུ་ཁང་གི་ཏང་གཙོ་དང་སྡེ་དཔོན་གྱིས་སློབ་མ་རྣམས་ལ་བྱ་དགའ་སྟེར་བའི་བཞིན་པ།

ཁྱིམ་བདག་གིས་རང་ཉིད་ཀྱི་བྱིས་པའི་བྱ་དགའ་ལེན་པར་གཟབ་ནན་ཀྱིས་གཟིགས་བཞིན་པ།

བྱ་དགའ་ཐོབ་པའི་སློབ་གྲོགས་དང་གདན་ཞུའི་སྐུ་མགྲོན་ཡོངས་ཀྱི་མཉམ་པར།
གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ། རྨ་གཞུང་བཙན་སྲས།