བདེན་བཞིའི་རྣམ་གཞག་ཚིགས་བཅད་དུ་བསྡེབས་པ་བློ་གསལ་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།
༼༡༽
རྟེན་འབྲེལ་ཇི་བཞིན་སྟོན་པའི་སངས་རྒྱས་དང་།།
དེ་ཡིས་བསྟན་པ་འགོག་ལམ་དམ་པའི་ཆོས།།
དེ་དོན་སྒྲུབ་པའི་རིག་གྲོལ་དགེ་འདུན་སྡེ།།
ནམ་ཡང་མི་འབྲལ་སྤྱི་གཙུག་རྒྱན་དུ་མཆོད།།
ཟབ་དང་རྒྱ་ཆེའི་ལམ་གྱི་རིམ་པའི་རྒྱུན།།
འཕགས་བོད་ཀུན་ལ་བརྩེ་བས་འདོམས་མཛད་པ།།
བྱམས་དང་འཇམ་དབྱངས་ཀླུ་སྒྲུབ་ཐོགས་མེད་སོགས།།
རྒྱ་བོད་ལོ་པཎ་ཀུན་ལ་སྙིང་ནས་འདུད།།
གང་གིས་ཚུལ་བཞིན་བསྟེན་ན་ལེགས་ཚོགས་ཀུན།།
བདེ་བླག་ཉིད་དུ་སྩོལ་མཛད་བླ་མ་ལ།།
སྒོ་གསུམ་གུས་པས་འདུད་དོ་དགེ་བའི་ནོར།།
བདག་རྒྱུད་མཛོད་ལ་གཏེར་བཞིན་སྤུངས་པར་མཛོད།།
སྔོན་ཚེ་ཐུབ་པས་སྐལ་ལྡན་གདུལ་བྱའི་ཚོགས།།
རྣམ་གྲོལ་ཐར་བར་འགོད་ཕྱིར་བཀའ་བསྩལ་བའི།།
ཐེག་གསུམ་ལམ་གྱི་སྙིང་བོ་བསྡུས་པའི་སྡོམ།།བ
དེན་བཞིའི་རྣམ་གཞག་འདིར་ཡང་མདོ་ཙམ་འགོད།།
དེ་ཡང་སྟོན་པས་ཇི་སྙེད་བཀའ་བསྩལ་བ།།
ཀུན་གྱི་དགོངས་པའི་གཏད་སོ་མར་གྱུར་འགྲོ།།
མ་ལུས་སྲིད་མཚོར་བྱིང་བ་སྒྲོལ་བའི་ཆེད།།
ཉིད་དུ་འཕགས་བོད་མཁས་རྣམས་མགྲིན་གཅིག་གླེང་།།
འོན་ཀྱང་ཕྱི་རོལ་ཚེར་མ་འདོན་པ་བཞིན།།
ནང་གི་སྡུག་བསྔལ་སེལ་བའི་ཐབས་མེད་པས།།
དེ་དག་ཀུན་གྱི་རྩ་བ་དུས་ཀུན་ཏུ།།
གཏན་ཏུ་སྐྱེ་མེད་དྲུངས་ནས་སུན་དབྱུང་དགོས།།
དེ་ཡང་སྡུག་བསྔལ་མ་ལུས་ལས་ལས་བྱུང་།།
ལས་ཀྱང་ཕྲ་རྒྱས་དེ་དག་ཉིད་ལས་ཀྱང་།།ག
ཙོ་བོ་བདག་ཏུ་འཛིན་པའི་མ་རིག་པ།།
དགྲ་ཡི་དྭངས་མ་ཉིད་དུ་ཤེས་པར་མཛོད།།
༼༢༽
དེ་ཉིད་དྲུངས་ནས་འབྱིན་པའི་་གཉེན་པོ་དངོས།།
ཟབ་མོ་རྟེན་འབྲེལ་རྟོགས་པའི་ཤེས་རབ་ཏུ།།
ངེས་ཕྱིར་སྡེ་སྣོད་ཀུན་ཀྱང་ལམ་དེ་རུ།།
འབབ་ཅིང་གཞོལ་བ་ཉིད་དུ་མཁས་རྣམས་གསུངས།།
མདོར་ན་བཀའ་དང་དགོངས་འགྲེལ་དྲི་མེད་ཀུན།།
གདུལ་བྱའི་སྡུག་བསྔལ་རྒྱུ་བཅས་སྤོང་བ་དང་།།
མྱང་འདས་ཐོབ་བྱེད་ལམ་བཅས་འདོམས་པ་ལས།།
མེད་ཕྱིར་བདེན་བཞིའི་ཚུལ་འདི་གཅེས་མཛོད་ཉིད།།
བདེན་བཞིའི་བླང་དོར་ཇི་བཞིན་སྟོན་ནུས་པས།།
སྟོན་པ་ཚད་མར་བསྒྲུབས་ཤིང་མི་རྟག་སོགས།།
སྟོན་པའི་རྟགས་ཀྱིས་ཐེག་པ་ཆེན་པོ་ཡང་།།
བཀའ་ལུང་ཚད་མར་བསྒྲུབ་ནུས་འདི་གལ་ཆེ།།
དེ་ཡང་ཁྱད་གཞི་བདེན་བཞིའི་རྣམ་གཞག་དང་།།
ཁྱད་ཆོས་མི་རྟག་སོགས་ཀྱི་རྣམ་པར་གཞག།
དེ་དག་གོམས་པས་ལམ་གྱི་བགྲོད་ཚུལ་གསུམ།།
བློ་གསལ་གཞོན་ནུའི་བློ་ཡི་རྒྱན་དུ་འབུལ།།
དང་བོ་བདེན་པ་བཞི་ཡི་རྣམ་གཞག་ལ།།
བཞི་རུ་ཕྱེ་བའི་དགོས་པ་བཤད་པ་དང་།།
སྡུག་བདེན་སྔོན་དུ་གསུངས་པའི་དགོས་པ་དང་།།
སོ་སོའི་ངོ་བོ་གྲུབ་མཐའི་འདོད་ཚུལ་བཞི།།
སྡུག་བསྔལ་བདེན་དང་ཀུན་འབྱུང་བདེན་པ་དང་།།
འགོག་པའི་བདེན་པ་ལམ་གྱི་བདེན་པ་སྟེ།།
བཞི་ནི་བདེན་པ་བཞིའོ་བཞིར་ཕྱེ་ནས།།
གསུངས་པའི་དགོས་པ་འདི་ལྟར་ཤེས་བྱ་སྟེ།།
སྲིད་ན་ཆེར་རློམ་ཚངས་དང་དབང་བོ་དང་།།
ཀུན་ལ་དབང་བསྒྱུར་འཁོར་ལོས་བསྒྱུར་རྒྱལ་ནས།།
དམའ་བ་འབངས་དང་སློང་མོ་བ་རྣམས་དང་།།
ཐ་ན་ཉམ་ཆུང་སྲིན་འབུ་ཡིན་ཡང་རུང་།།
སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང་།།
བདེ་ལ་ནམ་ཡང་ཆོག་ཤེས་མེད་པའི་ཚུལ།།
སྔོན་བྱོན་དམ་པས་གསུངས་ཤིང་མྱོང་བས་ཀྱང་།།
འགྲུབ་པའང་མང་བས་བློ་ལྡན་སུ་ཞིག་བསྙོན།།
དེས་ན་རང་ཉིད་ལེགས་སུ་འདོད་པ་རྣམས།།
གང་ལས་ལྡོག་པ་གང་དུ་འཇུག་པ་ཉིད།།
ཤེས་ནས་བླང་དོར་བྱ་ཕྱིར་ཀུན་ཉོན་དང་།།
རྣམ་བྱང་ཕྱོགས་གཉིས་གཏན་ལ་དབབ་བྱར་ངེས།།
དེ་ཡང་བསྡུས་ན་སྡུག་ཀུན་རྒྱུ་འབྲས་གཉིས།།
ཀུན་ཉོན་ཕྱོགས་དང་རྣམ་པར་བྱང་བའི་ཕྱོགས།།
འགོག་ལམ་གཉིས་སུ་འདུ་བའི་དབང་བྱས་ནས་།།
གསུངས་ཀྱི་ཕུང་གསུམ་སེལ་བའི་གྲངས་ངེས་མིན།།
༼༣༽
དེ་ལ་དཀར་དང་ནག་པོའི་ཕྱོགས་གཉིས་ལ།།
བརྟེན་པ་གཉིས་སུ་ངེས་པས་བདེན་པ་བཞིར།།
བཞག་ཅེས་ཉན་སར་གསུངས་པའང་ཀུན་བྱང་ལ།།
གོ་ཡི་དཀར་ནག་སྤྱི་ལ་མི་རུང་སྟེ།།
འཕེན་བྱེད་དགེ་ལས་ལྟ་བུ་སྤྱིར་བཏང་ནི།།
དཀར་པོའི་ཕྱོགས་སུ་འདོད་དགོས་སྤྱད་པ་ལས།།
བདེ་འབྱུང་ཕྱིར་དང་དེ་དེའི་མཚན་ཉིད་ཕྱིར།།
འདིར་ནི་ནག་ཕྱོགས་ལྡོག་བྱའི་བདེན་པའི་ཕྱིར།།
ལ་ལས་ལྡོག་བྱ་མིན་ཏེ་གནས་སྐབས་ཀྱི།།
བླང་བྱ་ཡིན་ཕྱིར་ཟེར་ཡང་བདེན་པ་བཞིའི།།
འཇུག་ལྡོག་སྟོན་པ་སྤྱི་ལུགས་དང་འགལ་ཞིང་།།
ཁྱད་པར་བཞི་བརྒྱ་རྩ་འགྲེལ་གཞུང་དང་འགལ།།
ད་དུང་འདི་ལ་བཤད་བྱ་མང་ན་ཡང་།།
ད་ལྟ་ཕལ་ཆེར་དོན་གཉེར་དམན་པའི་ཕྱིར།།
ད་ནི་དེ་ཙམ་བྱའོ་ཤེས་འདོད་ན།།
ད་རུང་གཞུང་ཆེན་ལྟོས་དང་ཡ་མཚན་ཡོད།།
གཉིས་པ་སྤྱིར་ནི་གོ་རིམ་སྣ་ཚོགས་ཏེ།།
བཤད་དང་རྒྱུ་འབྲས་དམན་མཆོག་ངེས་དཀའ་སླ།།
ཇི་ལྟར་མངོན་རྟོགས་སྐྱེ་བའི་རིམ་པ་སོགས།།
མདོ་དང་བསྟན་བཅོས་དག་ལ་མཇལ་ན་གསལ།།
མངོན་རྟོགས་རྒྱན་ལས་སེམས་བསྐྱེད་རིགས་ཀྱི་སྔོན།།
གསུངས་པ་ལྟ་བུ་བཤད་པའི་རིམ་པ་དང་།།
ཕྱིན་དྲུག་རགས་ཕྲ་རྒྱུ་འབྲས་དམན་མཆོག་གམ།།
དཀའ་སླའི་གོ་རིམ་སོགས་སུ་མདོ་རྒྱན་གསུངས།།
དེ་ལྟར་མང་ཡང་བདེན་བཞིའི་གོ་རིམ་ལ།།
རྒྱན་ལས་རྒྱུ་དང་ལམ་དང་སྡུག་བསྔལ་དང་།།
ཞེས་པ་ལྟ་བུ་རྒྱུ་འབྲས་དོན་གྱི་རིམ།།
སྟོན་ཚུལ་སྐབས་འགར་སྲིད་ཀྱང་ཕལ་མོ་ཆེར།།
སྡུག་བསྔལ་ཀུན་འབྱུང་འགོག་དང་ལམ་བདེན་ཞེས།།
རྒྱུ་འབྲས་ལས་ལྡོག་སྡུག་བདེན་ཐོག་མ་རུ།།
གསུངས་པ་ཅིའི་ཕྱིར་སྙམ་ན་མངོན་མཛོད་ལས།།
མངོན་རྟོགས་སྐྱེ་བའི་རིམ་པར་གསུངས་ཕྱིར་རོ།།
༼༤༽
དེ་ཡང་སྡུག་བསྔལ་ནད་འདྲར་ཤེས་པ་ན།།
དེ་དང་འབྲལ་དགོས་པའང་ཤེས་འགྱུར་ཞིང་།།
དེ་ལ་དེ་རྒྱུ་ལོག་པར་ལྟོས་མཐོང་ནས།།
དེ་རྒྱུ་ཀུན་འབྱུང་སྤོང་འདོད་སྐྱེ་བར་འགྱུར།།
དེ་ཡང་རྒྱུ་ཡི་རྩ་བ་ངོས་ཟིན་ནས།།
དེ་ཡི་ཞེན་ཡུལ་ཁེགས་ན་དེ་ཉིད་ཀྱང་།།
གཞི་མེད་པས་ན་སྤོང་ནུས་སུ་ཤེས་ནས།།
འགོག་པ་མངོན་དུ་བྱ་བའི་བློ་སྐྱེའོ།།
དེ་ལྟར་སྡུག་བསྔལ་རྒྱུ་བཅས་སྤོང་དགོས་ཤིང་།།
རང་གིས་ཀྱང་ནི་སྤོང་བར་ནུས་མཐོང་སྟེ།།
དེ་སྤོང་ལ་འཇུག་དཔྱོད་ལྡན་སྤྱིའི་ལམ་སྲོལ།།
ཉིད་ཕྱིར་ལམ་གྱི་བདེན་པ་བཞི་བར་བསྟན།།
འདི་ཡང་རྒྱུད་བླ་རྩ་འགྲེལ་རྣམ་འགྲེལ་སོགས།།
གཞུང་ཆེན་དགོངས་པ་ཉིད་ཕྱིར་གལ་ཆེ་ཞིང་།།
གསར་རྟོགས་སྐབས་སུ་མ་ཟད་ཉམས་ལེན་གནད།།
ཡོད་པས་རིམ་པ་འདི་ལྟར་བསྟན་ཞེས་གསུངས།།
དེ་ཡང་རང་ཅག་ཕལ་བའི་ཤེས་རྒྱུད་ལ།།
ཞིབ་ཏུ་བརྟགས་ན་ཚིག་སྤྱི་ཙམ་མ་གཏོགས།།
སྙིང་ནས་ཐར་བ་དོན་གཉེར་མི་སྐྱེ་ཞིང་།།
སྡུག་བསྔལ་རྒྱུ་ལ་ངང་གིས་འཇུག་པ་འདི།།
ཅི་ཕྱིར་སྙམ་ན་ཐོག་མ་མེད་པ་ནས།།
རང་སེམས་ཉོན་མོངས་དབང་གྱུར་སྡུག་བསྔལ་ལ།།
བདེ་བར་འཁྲུལ་བས་བསླུས་ཏེ་ནད་སེལ་བྱེད།།
གཉེན་པོ་མི་བསྟེན་འཕེལ་བྱེད་ལ་འཇུག་བཞིན།།
དེས་ན་རང་ཉིད་ནད་ལས་བཟློག་པ་ལ།།
ནད་ལ་ནད་དུ་ངེས་པར་ཤེས་དགོས་ལྟར།།
སྲིད་པ་སྡུག་བསྔལ་ཉིད་ལ་སྡུག་བསྔལ་དུ།།
མཐོང་ཞིང་ཞེན་པ་གཏིང་ནས་མ་ལོག་ན།།
ཇི་ལྟར་རྩ་བ་ཆད་པའི་ལྗོན་ཤིང་ལ།།
ཕུན་ཚོགས་འབྲས་བུ་སྨིན་པར་མི་འགྱུར་ལྟར།།
དེ་མུར་འབད་ལོ་བྱས་ཀྱང་བདེ་མིན་ལ།།
བདེར་བཟུང་ཐར་འདོད་རྣལ་མ་གཏན་མི་སྐྱེ།།
སྡུག་བསྔལ་གསུམ་ལས་སྡུག་བསྔལ་གྱི་སྡུག་བསྔལ།།
དབྱུག་པས་བརྡུང་དང་མཁལ་མའི་ཟུག་གཟེར་བཞིན།།
དུད་འགྲོ་རྣམས་ཀྱང་ཤེས་ནུས་དེ་ཉིད་ལ།།
ཡིད་འབྱུང་ཀུན་ལ་ཡོད་ཚུལ་ཤེས་པར་སླ།།
འགྱུར་བའི་སྡུག་བསྔལ་སྡུག་བསྔལ་ཆེ་རིམ་ནས།།
འགག་ཤུལ་སྡུག་བསྔལ་ཆུང་ངུར་བདེར་སྣང་བའི།།
ཟག་བཅས་ཚོར་བདེ་ཙམ་སྟེ་རང་བཞིན་གྱི།།
བདེ་མིན་ཡུན་དུ་བསྟེན་ན་འགྱུར་ཕྱིར་རོ།།
དཔེར་ན་ཚ་བས་གདུངས་པའི་མི་འགའ་ཞིག།
བསིལ་བར་བསྡད་ཚེ་དང་བོར་བདེ་ཉམས་ཙམ།།
སྐྱེ་ཡང་ཡུན་དུ་བསྟེན་ན་སྡུག་བསྔལ་དུ།།
འགྱུར་བས་ཡིད་འབྱུང་ཕྱི་རོལ་བ་ལའང་ཡོད།།
༼༥༽
སྡུག་བསྔལ་བ་དང་ཉོན་མོངས་སྐྱེད་པ་ཡི།།
ནུས་པའམ་ས་བོན་མ་ཉམས་བརྟན་ཆགས་པར།།
ལྡན་པའི་ཕུང་ལྔར་ཁྱབ་པ་འདུ་བྱེད་ཀྱི།།
སྡུག་བསྔལ་ཞེས་བྱར་ལམ་རིམ་སོགས་ལས་གསུངས།།
ཇི་ལྟར་བཙོན་དུ་ཚུད་ཅིང་གསོད་ངེས་ཤིག།
གནས་སྐབས་ངོ་ཆེན་ཞུས་པས་ཁྲིམས་ཆད་ཀྱིས།།
ལུས་ལ་སྡུག་བསྔལ་མེད་ཀྱང་ཉིན་རེ་བཞིན།།
འཆི་ལ་ཉེ་བས་བློ་ཕུག་མི་བདེ་ཞིང་།།
གཡང་ལ་ལྷུང་ངེས་འགའ་ཞིག་གཡང་ཁ་ན།།
སྐྱིད་པའི་ཉམས་ཀྱིས་སྡོད་ཀྱང་སྐྱིད་མེད་ཅིང་།།
ཇི་ལྟར་ཁུར་ཆེན་ཁྱེར་རྣམས་ཁུར་དེ་ཉིད།།
ཇི་ཙམ་འཁུར་དགོས་དེ་སྲིད་བདེ་མི་འགྱུར།།
དེ་བཞིན་སྡུག་བསྔལ་ཉོན་མོངས་གནས་ངན་ལེན།།
བརྟན་ཆགས་ལྡན་པའི་ཉེར་ལེན་ཕུང་བོ་འདི།།
ཡོད་ཚེ་གནས་སྐབས་སྡུག་མི་བསྔལ་ན་ཡང་།།
སྡུག་བསྔལ་བསྐྱེད་པར་འགྱུར་བས་བདེ་ཡོད་མིན།།
མཐོ་བ་སྲིད་པའི་རྩེ་ནས་མནར་མེད་བར།།
ཁྱབ་པའམ་བདེ་སྡུག་བཏང་སྙོམས་ཐམས་ཅད་ལ།།
ཁྱབ་པས་ཁྱབ་པ་སྡུག་བསྔལ་གཞན་གཉིས་ནི།།
འདུ་བྱེད་པའམ་སྐྱེད་པས་འདུ་བྱེད་དོ།།
འདི་ནི་ཚོར་བ་སྡུག་བསྔལ་དངོས་མིན་ཡང་།།
དེ་ཡི་རང་བཞིན་ཉིད་ལས་མ་འདས་པས།།
སྡུག་བསྔལ་ཞེས་བརྗོད་ཐར་འདོད་ཐར་བ་རུ།།
བགྲོད་པར་ཉམས་ལེན་ཟབ་མོའི་གནད་བསྟན་ཡོད།།
ཚོར་བ་སྡུག་བསྔལ་འདོད་ཁམས་ཁོ་ནར་ཡོད།།
ཚོར་བ་བདེ་བ་བསམ་གཏན་གསུམ་པའི་བར།།
བཏང་སྙོམས་ཁམས་གསུམ་ལ་ཁྱབ་སྲིད་གསུམ་ལ།།
ངེས་འབྱུང་ནང་བ་ཁོ་ནས་ཤེས་ཤིང་སྒོམ།།
བདེན་བཞི་ཕྲ་རགས་མ་ལུས་མངོན་སུམ་དུ།།
རང་གིས་གཟིགས་ཤིང་གཞན་ལའང་ཇི་བཞིན་དུ།།
སྟོན་མཛད་སྟོན་པ་ཚད་མས་སྡུག་བསྔལ་ནི།།
ཤེས་བྱར་གསུངས་པའང་གཙོ་བོར་འདུ་བྱེད་དོ།།
མདོར་ན་སྲིད་པ་མཐའ་དག་མེ་འོབས་སམ།།
རལ་གྲི་གདེངས་པའི་གཤེད་མ་ལྟར་མཐོང་བའི།།
འདུ་ཤེས་འབྱུང་ཞིང་དེ་ལས་ཐར་འདོད་ཀྱི།།
ངེས་འབྱུང་རྣལ་མས་རྣམ་གྲོལ་བསྒྲུབ་ཕྱིར་དང་།།
དེ་ལྟར་རང་གི་ཉམས་ལ་དཔགས་ན་ནི།།
མར་གྱུར་འགྲོ་བ་མ་ལུས་སྲིད་མཚོ་ལས།།
སྐྱོབས་འདོད་སྙིང་རྗེ་ཚེགས་མེད་པར་འབྱུང་བས།།
སྡུག་བདེན་ཐོག་མར་གསུངས་ལ་དགོས་པ་ཆེ།།
༼༦༽
གསུམ་པ་སོ་སོའི་ངོ་བོ་འདི་ལྟ་སྟེ།།
རང་རྒྱུ་ཀུན་འབྱུང་བདེན་པ་ལས་སྐྱེས་པའི།།
ཆ་ནས་བཞག་པའི་ཟག་བཅས་དངོས་པོ་དེ།།
དང་བོ་སྡུག་བསྔལ་བདེན་པའི་མཚན་ཉིད་དོ།།
དབྱེ་ན་རྣམ་སྨིན་འབྲས་བུ་ཉེར་ཕུང་དང་།།
བདག་འབྲས་མ་དག་སྣོད་དེ་ཕྱི་ནང་གཉིས།།
ངོ་བོའི་སྒོ་ནས་སྡུག་བསྔལ་གྱི་སྡུག་བསྔལ།།
འགྱུར་དང་ཁྱབ་པ་འདུ་བྱེད་སྡུག་བསྔལ་གསུམ།།
རང་ལུགས་སྡུག་བདེན་སྣོད་བཅུད་གཉིས་བཞག་པ།།
ཤིང་རྟ་ཆེན་པོའི་དགོངས་དོན་ཉིད་ཡིན་ཏེ།།
སེམས་ཅན་སྐྱེ་དང་སྐྱེ་པའི་གནས་ཀྱིས་ཀྱང་།།
སྡུག་བདེན་རིག་བྱར་ཀུན་བཏུས་གསུངས་ཕྱིར་རོ།།
འོ་ན་སྡུག་བསྔལ་འཁོར་བ་ཅན་ཕུང་བོ།།
ཞེས་སོགས་རྣམ་འགྲེལ་ལུང་དོན་ཅི་ཞེ་ན།།
དེ་ལ་སྣོད་དང་བཅུད་གཉིས་ཡོད་ན་ཡང་།།
ཉེར་ཕུང་བཤད་པ་ཡིད་འབྱུང་བསྐྱེད་ཕྱིར་གསུངས།།
སྡུག་བསྔལ་བདེན་པར་འཁོར་བས་ཁྱབ་མ་ཁྱབ།།
ལ་སོགས་མཁས་པའི་བཞེད་ཚུལ་མང་མོད་ཀྱང་།།
མི་རྩོད་ཚུལ་འདི་སྡེ་རྒྱན་དགོངས་དོན་ལགས།།
སྡུག་བསྔལ་དེ་ལ་སྡུག་བསྔལ་གསུམ་དབྱེ་ན།།
ཟག་བཅས་ཚོར་བདེ་གཟུགས་མེད་ཉེར་ཕུང་གིས།།
མ་ངེས་དེ་གཉིས་འགྱུར་དང་འདུ་བྱེད་ཕྱིར།།
རང་འབྲས་སྡུག་བདེན་བསྐྱེད་པའི་ལས་ཉོན་གྱི།།
ཆ་ནས་བཞག་པའི་ཟག་བཅས་དངོས་པོ་དེ།།
ཀུན་འབྱུང་བདེན་པའོ་དབྱེ་ན་ལས་ཉོན་གཉིས།།
ལ་སོགས་འཇོག་ཚུལ་གཞུང་བཞིན་ཤེས་པར་བྱ།།
ཀུན་འབྱུང་བདེན་པར་སྡུག་བདེན་གྱིས་ཁྱབ་ཀྱང་།།
སྡུག་བསྔལ་བདེན་པར་ཀུན་འབྱུང་གིས་མ་ཁྱབ།།
ཀུན་འབྱུང་བདེན་ལ་སྤང་བྱས་ཁྱབ་ན་ཡང་།།
འཕེན་བྱེད་དགེ་ལས་གནས་སྐབས་བླང་བྱ་ཡིན།།
ལས་ལ་ཀུན་འབྱུང་བདེན་པས་མ་ཁྱབ་སྟེ།།
སངས་འཕགས་རྒྱུད་ཀྱི་ཟག་མེད་ལས་སེམས་པ།།
མིན་ཏེ་ཡང་སྲིད་སྐྱེད་མིན་ཕྱིར་རོ།།
ཀུན་ལས་བཏུས་དང་ལེགས་བཤད་གསེར་འཕྲེང་སོགས།།
ཚད་ལྡན་གཞུང་ལ་གཟིགས་དང་ཚུལ་འདི་གསལ།།
འདི་དཔྱད་དོན་མེད་མ་ཡིན་སྡུག་བསྔལ་དང་།།
དེ་རྒྱུ་དྲུངས་འབྱིན་འདོད་ན་གལ་ཆེ་ཕྱིར།།
༼༧༽
རང་ཉིད་ཐོབ་བྱེད་ཐབས་སུ་གྱུར་བ་ཡི།།
བར་ཆད་མེད་པའི་ལམ་གྱི་ངོས་སྐལ་གྱི།།
སྒྲིབ་པ་སྤངས་པའི་སོ་སོར་བརྟགས་འགོག་དེ།།
འགོག་བདེན་དབྱེ་ན་ཐེག་གསུམ་འགོག་བདེན་གསུམ།།
འགོག་པ་ལ་ནི་འགོག་བདེན་མི་དགོས་ཏེ།།
སོ་སོར་བརྟགས་མིན་འགོག་པ་དེ་མིན་ཕྱིར།།
སྡུག་བསྔལ་ལ་སོགས་བདེན་པར་ཤེས་རབ་ཀྱིས།།
སོ་སོར་བརྟགས་པས་ཐོབ་པའི་བྲལ་མིན་ཕྱིར།།
འགོག་བདེན་ཐོབ་བྱེད་ཐབས་སུ་གྱུར་བ་ཡི།།
ཆ་ནས་བཞག་པའི་འཕགས་ལམ་ལམ་བདེན་ཏེ།།
དབྱེ་ན་ཐེག་གསུམ་མཐོང་སྒོམ་མི་སློབ་ལམ།།
གསུམ་གསུམ་འཇོག་ཚུལ་སོགས་ཀྱང་ཤེས་པར་བྱ།།
དགྲ་བཅོམ་རྟོགས་པ་སྔོན་སོང་ཐེག་ཆེན་གྱི།།
ཚོགས་སྦྱོར་ལམ་པའི་རྒྱུད་ཀྱི་ལམ་དེ་ཉིད།།
ཐེག་ཆེན་གང་ཟག་རྒྱུད་ཀྱི་ལམ་བདེན་དུ།།
འགྲོ་ཡང་ཐེག་ཆེན་ལམ་བདེན་མ་ཡིན་ནོ།།
ཁ་ཅིག་རྣམ་མཁྱེན་ལམ་བདེན་མ་ཡིན་ཏེ།།
སྤང་བྱ་སྤོང་ཕྱིར་བརྩོན་པ་མིན་ཕྱིར་དང་།།
ཁྱབ་པ་མདོ་ལས་ལམ་བསྒོམ་བྱ་ཞེས་པས།།
སྒྲུབ་ཀྱང་མ་ཁྱབ་ལམ་གྱི་བདེན་པ་ལ།།
འདིས་འགྲོ་ལམ་དང་འདིར་བགྲོད་ལམ་གཉིས་ལས།།
རྣམ་མཁྱེན་སྔ་མ་མིན་ཡང་ཕྱི་མ་རུ།།
འགྱུར་ཚུལ་ཞིབ་ཏུ་དཔྱད་ན་ཤེས་སླ་ཞིང་།།
མདོ་དོན་སྔ་མའི་དབང་དུ་བྱས་ཕྱིར་རོ།།
བློ་གསལ་དོན་གཉེར་ཅན་དག་མཚན་ལྡན་བཤེས།།
ཚུལ་བཞིན་བསྟེན་ནས་དེ་ལྟར་གཞུང་ཆེན་ལ།།
ཐོས་བསམ་སྒོམ་པས་ཞུགས་ནས་དལ་འབྱོར་རྟེན།།
དོན་ལྡན་བྱེད་པའི་ཚུལ་ལ་སུ་མི་གུས།།
༼༨༽
འོན་ཀྱང་རྒྱ་ཆེན་གཞུང་ལ་ལུང་རིགས་ཀྱིས།།
དཔྱོད་པའི་བློ་མིག་མ་སྦྱངས་བློ་གསར་ཚོའི།།
བློ་དང་བསྟུན་ནས་ཅུང་ཟད་གོ་སླ་བར།།
བཤད་ན་བདེན་བཞི་ཞེས་པ་འདི་ལྟ་སྟེ།།
མི་འདོད་སྐྱེ་རྒ་ན་འཆི་སྡུག་བདེན་ཏེ།།
དེ་རྒྱུ་ལས་དང་ཉོན་མོངས་ཀུན་འབྱུང་བདེན།།
དེ་ཞི་འགོག་བདེན་དེ་ཉིད་ཐོབ་བྱེད་ཐབས།།
དངོས་དང་དེ་རྒྱུན་འཕགས་ལམ་ལམ་བདེན་ནོ།།
སྡུག་བདེན་ནད་འདྲ་ཀུན་འབྱུང་ནད་ཀྱི་རྒྱུ།།
འགོག་བདེན་ནད་ལས་ཐར་བའི་བདེ་བ་འདྲ།།
ལམ་བདེན་ནད་ལས་གྲོལ་བྱེད་སྨན་འདྲ་ཞེས།།
རྗེ་བཙུན་བྱམས་པས་གསུངས་བཞིན་ཤེས་པར་བྱ།།
སྒྲ་བཤད་བཤད་ཚུལ་མང་ཡང་ཉན་ས་ལས།།
འཕགས་པ་རྣམས་ཀྱིས་ཇི་ལྟར་གཟིགས་པ་ལྟར།།
གནས་ཀྱི་བྱིས་པ་ཕལ་བས་མཐོང་བ་བཞིན།།
མི་བདེན་པས་ན་འཕགས་པའི་བདེན་པར་གསུངས།།
༼༩༽
བཞི་བ་འཕགས་པའི་བདེན་བཞིའི་འཇོག་ཚུལ་ལའང་།།
གྲུབ་མཐའ་གོང་འོག་འདོད་ཚུལ་མི་འདྲ་བའི།།
ཁྱད་པར་མང་སྟེ་བྱེ་སྨྲས་སྡུག་ཀུན་གཉིས།།
དོན་གཅིག་མདོ་སྡེས་སྲེད་པ་ཉིད་ཀུན་འབྱུང་།།
བྱེ་མདོ་གཉིས་ཀས་སྡུག་ཀུན་ཕྲ་རགས་ཀྱི།།
དབྱེ་བ་མི་འདོད་གོང་མས་འཇོག་ཚུལ་སོགས།།
ཕྲ་ཞིབ་གཞུང་གི་དོན་ལ་ལུང་རིགས་ཀྱིས།།
དཔྱད་ནས་སྲིད་པའི་སྐྱོན་མཚང་ཤེས་ན་མཚར།།
བྱེ་སྨས་བཏགས་དོན་འཚོ་བ་ཐལ་ཆེ་བས།།
འགོག་བདེན་མ་ཡིན་དགག་དང་མདོ་སྡེ་བས།།
མེད་དགག་རྩོད་ཚུལ་མཛོད་འགྲེལ་གནས་གཉིས་པར།།
ཞིབ་པས་དོན་གཉེར་ཅན་རྣམས་གཟིགས་འཚལ་ལོ།།
སེམས་ཙམ་སེམས་ཀྱི་རང་བཞིན་འོད་གསལ་བ།།
ནམ་མཁའ་ལྟ་བུ་སོ་སྐྱེ་ལ་ཡོད་ཀྱང་།།
དྲི་མའི་སྤྲིན་གྱིས་བསྒྲིབས་པས་དེ་ཉིད་ནི།།
འགོག་པའི་བདེན་པ་ཉིད་དུ་མི་བཞེད་དོ།།
ནམ་ཞིག་སྤྲིན་དེ་ནམ་མཁའི་དབྱིངས་ཟད་ལྟར།།
དྲི་མ་གློ་བུར་བ་རྣམས་དེའི་ངོ་བོར།།
ཟད་ཚེ་རང་བཞིན་འོད་གསལ་འགོག་བདེན་དུ།།
འདོད་པས་ཐོག་མར་སེམས་གཤིས་ཤེས་པ་གལ།།
འཇིག་རྟེན་ལམ་གྱིས་ས་བོན་ཉམས་སྨད་པས།།
འགོག་པ་གང་ཡིན་དེ་ཙམ་སོ་སྐྱེ་ལ།།
ཡོད་ཀྱང་བཏགས་པའོ་འཕགས་པའི་ཤེས་རབ་ཀྱིས།།
ས་བོན་དྲུངས་མ་ཕྱུང་བས་འགོག་བདེན་མེད།།
ཁ་ཅིག་འགོག་བདེན་དེ་བཞིན་ཉིད་ཁོ་ནས་།།
ཁྱབ་འདོད་འགའ་ཞིག་བཟློག་སོགས་མི་རིགས་ཤིང་།།
སེམས་ཀྱི་རང་བཞིན་དྲི་བྲལ་གནས་གྱུར་བའང་།།
འགོག་པའི་བདེན་པར་འདོད་དགོས་གསེར་འཕྲེང་གསལ།།
ལམ་བདེན་ལ་ཡང་བྱེ་སྨྲས་འཕགས་རྒྱུད་ཀྱི།།
ལམ་ལ་འཕགས་ལམ་མི་དགོས་བཀའ་བསྟན་ལས།།
འཕགས་པའི་བདེན་པར་གསུངས་པའི་སྒྲ་དོན་ཡང་།།
བཤད་ཚུལ་མི་འདྲ་མང་ཡོད་ཤེས་ན་མཚར།།
དེ་ལྟར་ཕྲ་ཞིབ་གཞུང་གི་དགོངས་དོན་རྣམས།།
རིགས་སྨྲ་འབུམ་སྡེའི་ངོ་མཚར་ལུང་རིགས་ཀྱིས།།
རྨོངས་མུན་རྨང་ནས་འཇོམས་པའི་ཆོས་གྲྭ་རུ།།
དཔྱད་ན་སེམས་གསང་ཡ་མཚན་རྙེད་རྒྱུ་མང་།།
༼༡༠༽
རྩ་བའི་ས་བཅད་གཉིས་པ་བདེན་པ་བཞིའི།།
ཁྱད་ཆོས་མི་རྟག་སྡུག་བསྔལ་ལ་སོགས་པའི།།
བཅུ་དྲུག་རྣམ་གཞག་མདོ་ཙམ་གཞུང་བཞིན་དུ།།
ཇི་ལྟར་ནུས་བཞིན་འཆད་དོ་ནོངས་རྣམས་འཆགས།།
རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི།།
བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ཅེས།།
འཇམ་མགོན་བླ་མས་རང་ཅག་གདུལ་བ་ལ།།
བརྩེ་བས་གདམས་པའི་དོན་ལ་ངེས་རྙེད་ནས།།
རྣམ་གྲོལ་ཐར་བའི་གླིང་དུ་བགྲོད་པ་ལ།།
དེ་ཡི་ཕན་ཡོན་འཁོར་བའི་ཉེས་དམིགས་སོགས།།
ཇི་བཞིན་ཤེས་པའི་ངེས་འབྱུང་བསྐྱེད་པའི་ཕྱིར།།
བདེན་བཞིའི་འཇུག་ལྡོག་ངེས་པ་ཤིན་ཏུ་གཅེས།།
དེ་ཡང་ཐར་ལམ་སྒྲུབ་པའི་རྣལ་འབྱོར་བས།།
ཐོག་མར་འཁོར་བ་གང་ཞིག་སྡུག་བསྔལ་གྱི།།
རང་བཞིན་ཉིད་དུ་ཤེས་པ་གལ་ཆེ་བས།།
སྡུག་བདེན་ཤེས་པ་གནད་ཀྱི་དོན་པོར་མཐོང་།།
དེ་ཡང་རང་ཅག་ཟག་བཅས་ཉེར་ཕུང་འདི།།
གཙང་བདེ་རྟག་བདག་ཉིད་དུ་སྒྲོ་འདོགས་པའི།།
ལོག་ཞུགས་བཞི་ཡིས་མནར་བ་རྒྱུན་གཅོད་ཕྱིར།།
སྡུག་བདེན་ཁྱད་ཆོས་རྣམ་བཞི་བསྒོམ་ཚུལ་གསུངས།།
སྐད་ཅིག་རེ་རེར་འཇིག་ཕྱིར་མི་རྟག་པ།།
ལས་ཉོན་དབང་གྱུར་ཡང་ན་འཕགས་རྣམས་དང་།།
མི་མཐུན་ཉིད་ཕྱིར་སྡུག་བསྔལ་རང་ཉིད་ལས།།
དོན་གཞན་བདག་དང་བྲལ་ཕྱིར་སྟོང་བ་དང་།།
རང་གི་ངོ་བོ་བདག་དང་བྲལ་བའི་ཕྱིར།།
བདག་མེད་པ་སྟེ་སྡུག་བདེན་རྣམ་པ་བཞི།།
ཚང་བར་ཚད་མས་གཏན་ལ་མ་ཕེབས་ན།།
ཐར་བློ་རྣམ་དག་རྫོགས་པར་མི་སྐྱེ་སྟེ།།
སྡུག་བསྔལ་ཉིད་དུ་རྟོགས་པས་འབྲལ་འདོད་ཙམ།།
སྐྱེས་ཀྱང་མི་རྟག་ངང་ཚུལ་མ་རྟོགས་ན།།
ཕུང་སོགས་འབྲལ་ངེས་ཉིད་དུ་མི་རྟོགས་པས།།
དེ་ལ་སྲེད་པའི་རྒྱུ་བ་འགོག་མི་ནུས།།
དེ་ནས་ད་དུང་དེ་ཉིད་བདག་མེད་དུ།།
མ་རྟོགས་ན་ནི་དབང་སོགས་བདག་གི་བར།།
སྲེད་པ་ངང་གིས་འདྲེན་པས་བདག་འཛིན་དེས།།
བདག་བདེ་སྒྲུབ་བྱེད་འདོད་བློ་འདྲེན་པར་འགྱུར།།
དེས་ན་ཕུང་སོགས་མི་རྟག་སྡུག་བསྔལ་དུ།།
རྟོགས་པས་འབྲལ་ངེས་འབྲལ་འདོད་སྐྱེས་ན་ཡང།།
ཟག་བཅས་མཐའ་དག་མི་འདོད་ཐར་བའི་བློ།།
རྣལ་མ་རང་བཞིན་བདག་བྲལ་ཤེས་ལ་རག།
༼༡༡༽
རྒྱང་འཕེན་ལྟ་བུ་སྡུག་བསྔལ་རྒྱུ་མེད་དང་།།
གསལ་བྱེད་རྒྱུ་གཅིག་ཁོ་ན་རིག་བྱེད་པས།།
སྒྲའི་ཚངས་འགྱུར་བ་བྱེ་རིག་དབང་བཞིན་དབང་ཕྱུག།
རྒྱུར་འཛིན་ཀུན་འབྱུང་ལོག་ཞུགས་བཞིའི་གཉེན་པོར།།
སྡུག་བསྔལ་སྐྱེད་པས་རྒྱུ་དང་སྡུག་བསྔལ་གྱི།།
རྫས་རིགས་ཀུན་གྱི་འབྱུང་གནས་ཕྱིར་ཀུན་འབྱུང།།
སྡུག་བསྔལ་དྲག་ཏུ་སྐྱེད་པས་རབ་སྐྱེ་དང་།།
བརྒྱུད་མར་ལན་མང་སྐྱེད་པས་རྐྱེན་བཞི་གསུངས།།
སྡུག་བསྔལ་མི་འདོད་བདེ་ལ་ངོམས་མེད་པ།།
མཚུངས་ཀྱང་འདོད་པ་ཇི་བཞིན་མ་བྱུང་བ།།
གང་གིས་སྡུག་བསྔལ་ཇི་ལྟར་བསྐྱེད་པའི་ཚུལ།།
མ་ཤེས་ལས་བྱུང་དེ་ཕྱིར་འདི་འཚོལ་རིགས།།
རྒྱང་འཕེན་ཇི་བཞིན་ཐར་བ་གཏན་མེད་དང་།།
ཉོན་མོངས་མ་སྤངས་ཟག་བཅས་ཐར་བ་དང་།།
སྡུག་བསྔལ་འགག་པ་ལས་གཞན་ཐར་ཡོད་དང་།།
རེ་ཞིག་ཐར་ཀྱང་གཏན་དུ་ཐར་བ་ཞིག།
མེད་པར་འཛིན་པ་འདི་བཞི་འགོག་བདེན་ལ།།
མི་ཤེས་རྨོངས་པས་ལོག་པར་ཞུགས་པ་སྟེ།།
དེ་ཕྱིར་དེ་དག་བསལ་ཞིང་འགོག་བདེན་གྱི།།
ངོ་བོ་ཇི་བཞིན་སྟོན་ཕྱིར་བཞི་གསུངས་ཏེ།།
སྡུག་བསྔལ་སྤངས་པས་འགོག་པ་ཉོན་མོངས་རྣམས།།
སྤངས་པས་ཞི་བ་འདི་ལས་མཆོག་གྱུར་བའི།།
གཞན་མེད་ཕྱིར་ན་གྱ་ནོམ་འདི་ཐོབ་ནས།།
སླར་མི་ལྡོག་ཕྱིར་ངེས་འབྱུང་ཉིད་དུ་གསུངས།།
ཐར་ལམ་གཏན་མེད་བདག་མེད་རྟོགས་པའི་བློ།།
གྲོལ་ལམ་མིན་པར་འཛིན་དང་བློ་དེ་ཉིད།།
ཡུལ་ལ་ལོག་ཞུགས་དེ་ཡིས་སྡུག་བསྔལ་རྣམས།།
གཏན་དུ་ཟད་མི་ནུས་འཛིན་ལོག་ཞུགས་བཞི།།
བསལ་ཕྱིར་ལམ་བདེན་རྣམ་པ་བཞི་གསུངས་ཏེ།།
བགྲོད་པར་བྱེད་ཕྱིར་ལམ་དང་ཉོན་མོངས་པའི།།
གཉེན་པོའི་དོན་ཕྱིར་རིགས་དང་ནང་གི་སེམས།།
ཕྱིན་ཅི་མ་ལོག་སྒྲུབ་ཕྱིར་སྒྲུབ་པ་དང་།།
རྟག་པའི་གནས་སུ་ངེས་པར་ཕྱིན་བྱེད་ཕྱིར།།
ངེས་འབྱིན་ཉིད་དང་བཞིའོ་འདིའི་སྐབས་ཀྱི།།
རྟག་པའི་གནས་ནི་སླར་མི་ལྡོག་དོན་དུ།།
སྡེ་བདུན་རྒྱན་ལས་གསུངས་པས་དེ་ལྟར་རོ།།
འདི་ལྟར་ལམ་དང་ལམ་མིན་དབྱེ་བ་གང་།།
ཡང་དག་རིགས་པས་རྟོགས་ན་རྟོག་གེ་བས།།
སྒྲོ་བཏགས་ལྟར་སྣང་ལམ་ལ་སེམས་གཏིང་ནས།།
ཡི་ག་ལོག་ཅིང་ཐར་ལམ་རྙེད་པར་འགྱུར།།
༼༡༢༽
ལོག་ཞུགས་བཅུ་དྲུག་གཉེན་པོ་བཅུ་དྲུག་དང་།།
སྤང་གཉེན་སྦྱོར་ཚུལ་གྲངས་འདི་ཁོ་ན་ལྟར།།
སྦྱོར་མིན་ལ་སོགས་ཕྲ་ཞིབ་ཤེས་འདོད་ན།།
བསྡུ་བ་རྟོགས་སྣང་ལ་སོགས་གཞུང་ཆེན་ལྟོས།།
རང་ཉིད་བློ་གྲོས་གསལ་བར་འདོད་པ་འགས།།
འགོག་བདེན་སྟེང་གི་ལོག་ཞུགས་ཐ་མ་ལ།།
ཐར་བ་གཏན་མི་ལྡོག་པ་མིན་སྙམ་དུ།།
འཛིན་པའི་ལོག་རྟོག་གསེར་འཕྲེང་ལས་བཞག་པས།།
འདི་ཡོད་གཞན་སྡེ་ཁོ་ནར་མ་ངེས་པར།།
རང་སྡེ་བྱེ་སྨྲ་ལའང་བཞག་དགོས་ཏེ།།
དགྲ་བཅོམ་ཉམས་པ་འདོད་ཕྱིར་ཞེས་ཟེར་བ།།
བདེན་པར་སྣང་ཡང་བརྟགས་ན་ཤིན་ཏུ་འཁྲུལ།།
ལམ་དེ་བསྒོམས་པའི་སྟོབས་ཀྱིས་རེ་ཞིག་ཙམ།།
ཐར་ཡང་ཉམས་ན་ལམ་དུ་མ་ཞུགས་པའི།།
གནས་སྐབས་ཇི་བཞིན་སྲིད་པར་འཁྱམས་པ་ཞིག།
འདོད་པ་འདི་ཡིན་བྱེ་སྨྲས་གཏན་མི་འདོད།།
ཚུལ་འདི་བློ་དང་ལྡན་རྣམས་མངོན་མཛོད་དང་།།
གང་སྤེལ་རྟོག་གེ་འབར་བ་ལ་སོགས་པའི།།
ཚད་ལྡན་གཞུང་ལ་ཚུལ་མཐུན་ཐོས་བསམ་གྱིས།།
ཞུགས་ནས་དཔྱད་ན་ཤེས་པས་སྦྱོང་བ་གཅེས།།
༼༡༣༽
ཁྱད་ཆོས་མི་རྟག་ལ་སོགས་བཅུ་དྲུག་ཀྱང་།།
དམ་བཅའ་ཙམ་མིན་ཚུལ་གསུམ་ཚང་བའི་རྟགས།།
བཅུ་དྲུག་དག་གིས་སྒྲུབ་ཚུལ་ཤེས་ན་ནི།།
ལོག་འཛིན་བློ་ནས་འབྱིན་པས་ཅུང་འཆད་དོ།།
རེས་འགའ་སྐྱེ་བའི་ཕྱིར་དང་ལས་ཉོན་གྱི།།
གཞན་དབང་ཅན་ཕྱིར་བྱིན་རློབས་བདག་དབེན་ཕྱིར།།
དུ་མ་གཞན་དབང་ཅན་ཕྱིར་ཉེར་ཕུང་ལྔ།།
མི་རྟག་སྡུག་བསྔལ་སྟོང་དང་བདག་མེད་དོ།།
སྲེད་འདི་རྒྱུ་སྟེ་ཡང་སྲིད་ཀྱི་བག་ཆགས།།
འཇོག་པའི་རྩ་བ་ཉིད་ཕྱིར་དུས་ཡང་ཡང་།།
བསྐྱེད་ཕྱིར་ཀུན་འབྱུང་འགྲོ་ལྔ་སྐྱེ་གནས་སོགས།།
སོ་སོར་སྐྱེད་ནུས་ཉིད་ཕྱིར་རབ་སྐྱེའོ།།
ཉེར་ལེན་གཙོ་བོ་འདུ་བྱེད་ལས་ཡིན་ཀྱང་།།
སྲེད་པས་དེ་ལ་གསོས་བཏབ་སྲིད་པ་གཞན།།
འགྲུབ་པས་འཁོར་བའི་འཁོར་ལོ་བསྐོར་བའི་ཕྱིར།།
སྲེད་པ་རྐྱེན་ཡིན་ཀུན་འབྱུང་གཙོ་བོར་བཞག།
དགག་བྱ་སྡུག་བསྔལ་སྤངས་པའི་བྲལ་ཕྱིར་དང་།།
སྤོང་བྱ་ཉོན་མོངས་སྤངས་པའི་བྲལ་བའི་ཕྱིར།།
སྡུག་བསྔལ་གཏན་དུ་ཟད་པའི་བྲལ་བ་དེ།།
འགོག་དང་ཞི་བའི་རྣམ་པ་ཉིད་དུ་བརྗོད།།
དེ་ལྟར་སྡུག་བསྔལ་བ་དང་ཉོན་མོངས་ཉིད།།
མཐའ་དག་སྤངས་པའི་འཕྲལ་ཕུགས་གཉིས་ཀར་ཡང་།།
དགེ་ཞིང་གཙང་བས་གྱ་ནོམ་མི་ལྡོག་པའི།།
ཆོས་ཅན་ཉིད་ཕྱིར་ངེས་པར་འབྱུང་ཞེས་བརྗོད།།
བདག་མེད་མངོན་སུམ་རྟོགས་པའི་ཤེས་རབ་དེ།།
ཐེག་གསུམ་བགྲོད་པ་གཅིག་པའི་ཐར་ལམ་ཕྱིར།།
ལམ་མོ་མ་རིག་འགལ་ཟླའི་གཉེན་པོའི་ཕྱིར།།
དེ་ནི་རིག་པའི་རྣམ་པར་ཤེས་བྱ་ཞིང་།།
སེམས་དེ་ལོག་པར་འཕྲོ་བ་བཀག་ནས་ནི།།
གནས་ལུགས་སྟེང་དུ་སྒྲུབ་ཅིང་གནས་ལུགས་དེ།།
མངོན་སུམ་ཉིད་དུ་རྟོགས་པའི་ཡེ་ཤེས་ཕྱིར།།
སྒྲུབ་པའི་རྣམ་པ་ཉིད་དུ་རབ་བརྗོད་དོ།།
དེ་ཉིད་ངེས་འབྱིན་ཡིན་ཏེ་གང་ཟག་གང་།།
སླར་མི་ལྡོག་པའི་ཐར་བའི་གནས་དེ་རུ།།
ཕྱིན་བྱེད་ཉིད་ཕྱིར་ཞེས་སོགས་སོ་སོ་ཡི།།
ཁྱད་ཆོས་སྒྲུབ་ཚུལ་གཞུང་བཞིན་ཤེས་པར་བྱ།།
༼༡༤༽
སྟོབས་དང་ལྡན་པའི་མེ་ཡིས་དེར་ཉེ་བའི།།
གྲང་འབྲས་ཟད་པ་མྱོང་བས་གྲུབ་པ་བཞིན།།
རང་ཉིད་འགྲིབ་བྱེད་མི་མཐུན་ཕྱོགས་སྟོབས་ལྡན།།
དམིགས་པས་རང་ཉིད་རིམ་ཟད་ཅིས་མི་འགྲུབ།།
དེས་ན་སྡུག་བསྔལ་ལྡན་པའི་ཕུང་བོ་ཡང་།།
ཟད་པ་ཡོད་དེ་རྩ་བ་བདག་འཛིན་ལ།།
གནོད་བྱེད་བདག་མེད་རྟོགས་པའི་ཤེས་རབ་དེ།།
དམིགས་ཕྱིར་འགོག་བདེན་འགྲུབ་པ་ཅིས་མི་འཐད།།
གང་ཞིག་གོམས་ཟིན་འབད་རྩོལ་བསྐྱར་མ་ལ།།
མི་ལྟོས་སེམས་ཀྱི་ཆོས་ཕྱིར་ཤེས་རབ་དེ།།
གོམས་བྱེད་མ་བྲལ་གོམས་ན་གོམས་བྱ་ལ།།
གསལ་སྣང་མཐར་ཐུག་ཐོབ་ཕྱིར་ལམ་བདེན་འགྲུབ།།
སྡུག་བསྔལ་མི་འདོད་བདེ་བས་མི་ཚིམ་པ།།
འདྲ་ཡང་རྨོངས་དང་མི་རྨོངས་ཁྱད་པར་ལས།།
གཏན་གྱི་བདེ་བ་རྙེད་དང་མི་རྙེད་ལ།།
ཁྱད་པར་ཆེ་བས་དེ་རྒྱུ་འཚོལ་བ་གཅེས།།
དེ་ཡང་ཐར་དང་ཐམས་ཅད་མཁྱེན་པ་ཡི།།
གོ་འཕང་སྙིང་ནས་སྒྲུབ་པར་འདོད་པ་རྣམས།།
བདེན་བཞིའི་བླང་དོར་ཕྱིན་ཅི་མ་ལོག་པར།།
ཤེས་ཤིང་སྒྲུབ་ལ་བརྩོན་པ་གནད་དུ་ཆེ།།
འོན་ཀྱང་བློ་འདི་ཆེས་ཆེར་རྨོངས་པའི་ཕྱིར།།
རང་བློའི་སྟོབས་ཀྱིས་བདེན་བཞིའི་གནས་ལུགས་ལ།།
འཇུག་པ་དཀའ་བས་ཐོགས་མེད་སྐུ་མཆེད་དང་།།
ཕྱོགས་གླང་ཡབ་སྲས་གཞུང་ལ་འདྲིས་པ་གལ།།
༼༡༥༽
ད་ནི་རྩ་བའི་ས་བཅད་གསུམ་པ་སྟེ།།
དེ་དག་གོམས་པས་ལམ་གྱི་བགྲོད་ཚུལ་ནི།།
ཤེས་པ་ཤིན་ཏུ་གལ་ཆེ་ཐར་འདོད་རྣམས།།
ཐར་བའི་གླིང་དུ་བགྲོད་པར་བྱེད་ཕྱིར་རོ།།
དང་བོར་ཐོས་པའི་སྒྲོན་མེ་མ་སྤར་ན།།
བླང་དོར་ཇི་ལྟར་བྱ་བ་མི་ཤེས་པས།།
ཐོག་མར་རྒྱ་ཆེན་ཐོས་པ་འཚོལ་དགོས་ཀྱང་།།
ཐོས་དོན་རྒྱུད་ལ་མ་སྦྱར་ཅི་ལ་ཕན།།
དེ་ཕྱིར་དམ་པ་རྣམས་ནི་མགྲིན་གཅིག་ཏུ།།
གང་ཐོས་བསྒོམ་བྱར་གཞུང་བརྒྱས་འགྲུབ་གསུངས་པས།།
དེས་ན་དེ་ལྟར་བདེན་བཞིའི་རྣམ་གཞག་ལ།།
བསླབ་པའི་དགོས་པའང་བསྒོམ་བྱར་ཤེས་པ་གཅེས།།
ལྟོ་བ་འགེངས་པའི་ཆོ་ག་ཙམ་ཞིག་ལ།།
མི་ཚེའི་སྙིང་བོར་མི་འཛིན་བློ་གྲོས་ཅན།།
སྐལ་ལྡན་ཐར་འདོད་རྣམས་ནི་བདེན་བཞིའི་དོན།།
གོམས་པས་ལམ་ལ་བགྲོད་ཚུལ་འདི་ལྟ་སྟེ།།
ཐོག་མར་རྩ་བ་གསུམ་དང་རྒྱུ་མཚན་དགུས།།
གཅེས་ཤིང་ཕོངས་པའི་སྲོག་འདི་ཡུན་རིང་བོར།།
འཚོ་དཀའ་རགས་པའི་མི་རྟག་རང་བཞིན་དངོས།།
ཇི་བཞིན་ཤེས་པར་བྱ་ཞིང་བསྒོམ་པར་བྱ།།
ཚེ་འདི་ཟད་ཀྱང་མར་མེ་ཤི་བ་ལྟར།།
མེད་དེ་མི་འགྲོ་ཕྱི་མར་ཉིང་མཚམས་སྦྱོར།།
ཁམས་གསུམ་འཁོར་བ་རིགས་དྲུག་གང་ཞིག་ལ།།
གར་འགྲོ་གཏོལ་མེད་ངང་ཚུལ་ཡང་ཡང་བསམ།།
དགེ་བ་བསྒྲུབ་ལོ་བྱས་ཀྱང་གྲངས་ཉུང་ཞིང་།།
གང་བྱས་ཤུགས་ཆུང་གཙང་ཞིང་དག་པ་ཡི།།
རང་ཡིད་གཏིང་ནས་ཚིམ་པ་ཆེས་དཀོན་པས།།
སླར་ཡང་བདེ་འགྲོ་རྙེད་པ་ཤིན་ཏུ་དཀའ།།
གལ་ཏེ་ངན་སོང་ངན་འགྲོར་ལྟུང་ན་ནི།།
ཚ་གྲང་བཀྲེས་སྐོམ་གཤགས་ཤིང་བཅད་གཏུབས་ཀྱི།།
སྡུག་བསྔལ་བཟོད་གླགས་མེད་པའི་ངང་ཚུལ་དེ།།
ཡང་ཡང་བསྒོམ་ཞིང་སྙིང་ནས་འཇིགས་བསྐྱེད་བྱ།།
སྙིང་ནས་ཇི་ལྟར་འཇིགས་ཀྱང་སྡུག་བསྔལ་ལས།།
སྐྱོབ་པའི་སྐྱབས་ཤིག་མི་འཚོལ་བཙལ་ན་ཡང་།།
ནམ་ཡང་མི་བསླུ་གཏན་གྱི་བདེ་སྟེར་བའི།།
སྐྱབས་ཤིག་མིན་ན་རེ་བ་ཇི་ལྟར་སྐོང་།།
དེ་ཕྱིར་ཐར་འདོད་བློ་དང་ལྡན་པ་རྣམས།།
སྐྱབས་དང་སྐྱབས་མིན་དབྱེ་བ་ངེས་བྱས་ནས།།
ནམ་ཡང་མི་བསླུ་སྐྱབས་སུ་འོས་པའི་རྒྱུ།།
ཡོངས་སུ་ཚང་བའི་མཆོག་གསུམ་སྙིང་ནས་བསྟེན།།
༼༡༦༽
སྐྱོན་གྱི་དྲི་མ་ཀུན་བྲལ་ཡོན་ཏན་ཀུན།།
རྫོགས་པའི་མཆོག་གསུམ་སྙིང་ནས་བསྟེན་ན་ཡང་།།
རང་གི་སྒོ་གསུམ་ཉེས་སྤྱོད་མ་བསྡམས་ན།།
ངན་འགྲོའི་གཡང་ལས་སྐྱོབ་ནུས་སུ་ཞིག་ཡོད།།
དེ་ཕྱིར་དགེ་སྡིག་བླང་དོར་ཇི་ལྟ་བུར།།
ཤེས་ཤིང་བརྩོན་པའི་སྐྱེས་བུ་ཆུང་ངུ་དང་།།
ཐུན་མོང་ལམ་ལ་ལེགས་པར་བློ་སྦྱོང་བ།།
འབྲིང་དང་ཆེན་པོའི་ལམ་གྱི་གཞི་མ་ཡིན།།
དེ་ཡང་གཙོ་བོར་སྡུག་བསྔལ་གྱི་སྡུག་བསྔལ།།
ཇི་བཞིན་ཤེས་ཤིང་ཚུལ་བཞིན་བསྒོམ་པ་དང་།།
དེ་ལས་སྐྱོབ་ནུས་སུ་ཡིན་ངེས་པ་དང་།།
དེ་རྒྱུ་ཤེས་ཤིང་བག་ཡོད་བསྟེན་པས་འགྲུབ།།
དེ་ལྟར་འཕེན་བྱེད་ཟག་བཅས་དགེ་ལས་དང་།།
མི་གཡོ་ལས་ཀྱིས་ལྷ་མིའི་མངོན་མཐོ་ཙམ།།
རེ་ཞིག་ཐོབ་ཀྱང་ལས་ཉོན་འཆིང་ཞགས་ཀྱིས།།
བཅིངས་པའི་འཁོར་བའི་གནས་ན་ད་དུང་འཁོར།།
སྲིད་པའི་བདེ་བ་གང་དག་རི་གཟར་གྱི།།
འབབ་ཆུ་ཇི་བཞིན་སྐད་ཅིག་ཉིད་ལ་ཡང་།།
མི་སྡོད་རིམ་གྱིས་ཟད་པས་མི་རྟག་ཅིང་།།
འགྱུར་བའི་སྡུག་བསྔལ་ཚུལ་ཡང་བསྒོམ་པར་བྱ།།
དམའ་བ་མནར་མེད་ནས་བཟུང་སྲིད་རྩེའི་བར།།
ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ན།།
སླར་ཡང་ལྟུང་ཞིང་ཁྱབ་པ་འདུ་བྱེད་ཀྱི།།
སྡུག་བསྔལ་ཉིད་ཀྱིས་བཅིངས་པའང་ཤེས་པར་བྱ།།
དེ་ལྟར་ཡང་དང་ཡང་དུ་བསམས་པ་ན།།
འཁོར་བ་མཐའ་དག་སྡུག་བསྔལ་རང་བཞིན་དུ།།
ཤེས་ནས་སྡུག་བསྔལ་ལྗོན་ཤིང་ཆེན་པོ་འདི།།
རྒྱུ་གང་ཞིག་ལས་བྱུང་སྙམ་དཔྱད་འགྱུར་ཞིང་།།
དེ་ཉིད་སྐྱེད་ལ་ལས་དང་ཉོན་མོངས་གཉིས།།
དགོས་ཀྱང་སྲེད་པའི་རླན་དང་མི་ལྡན་ན།།
སྐྱེ་བར་མི་ནུས་ཀུན་འབྱུང་འཇུག་རིམ་དེ།།
ཇི་བཞིན་བསྒོམས་པས་སྲིད་ལ་སྐྱོ་བ་འབྱུང་།།
དེ་ཡང་རྐྱེན་ཙམ་ཉིད་ལས་སྲིད་པ་ཡི།།
རྩ་བ་མཐར་ཐུག་མིན་པས་ཕུགས་གང་ཡིན།།
རྣམ་དཔྱོད་ལྡན་པས་ལེགས་པར་དཔྱད་པ་ན།།
བདག་འཛིན་ཉིད་ལ་ཐུག་པའང་ཤེས་པར་འགྱུར།།
༼༡༧༽
དེ་ནས་དེ་ཉིད་སྤོང་བར་ནུས་མི་ནུས།།
དཔྱད་པས་དེ་ལ་རྒྱབ་བརྟེན་ཚད་མ་མེད།།
ཕྱིན་ཅི་ལོག་ཕྱིར་དེ་ཡི་གཉེན་པོ་དང་།།
འཕྲད་པས་སྤོང་བར་ནུས་པའང་མཐོང་བར་འགྱུར།།
དེ་ནས་འཕགས་བོད་ཚད་ལྡན་མཁས་གྲུབ་ཀྱི།།
གཞུང་དང་བླ་མའི་མན་ངག་ལས་བྱུང་བའི།།
ངོ་མཚར་རིགས་པ་དག་གིས་བདག་མེད་ཚུལ།།
ལེགས་པར་གཏན་ལ་ཕབས་ནས་ངེས་པ་བསྐྱེད།།
དེ་ཉིད་ཡང་ཡང་གོམས་པས་ནམ་ཞིག་ཚེ།།
སྡུག་ཀུན་ཉེ་བར་ཞི་བའི་འགོག་བདེན་ནམ།།
ཐར་བ་མྱ་ངན་འདས་པའང་བློ་ལྡན་གྱིས།།
དྲི་མེད་ལུང་དང་རིགས་པས་ལེགས་པར་འགྲུབ།།
དེ་རྗེས་དེ་ཉིད་ཐོབ་བྱེད་ཡང་དག་ཐབས།།
བདག་འཛིན་དྲུངས་ནས་འབྱིན་བྱེད་གཉེན་པོའི་མཆོག།
བདག་མེད་མངོན་སུམ་ཉིད་དུ་རྟོགས་པའི་ལམ།།
མངོན་དུ་བྱ་བར་ནུས་པའང་མཐོང་བར་འགྱུར།།
དེ་ལྟར་གོམས་པས་ཁམས་གསུམ་འཁོར་བ་འདི།།
འཇིགས་རུང་སྲིན་མོའི་གདོང་གི་ཁྲོ་གཉེར་ལྟར།།
སྙིང་ནས་མཐོང་ཞིང་རྣམ་གྲོལ་དགའ་ཚལ་དུ།།
རྩོལ་ལ་མ་བལྟོས་ངང་གིས་འཇུག་འདོད་བློ།།
རྙེད་པར་གྱུར་བ་དེ་ཚེ་གང་ཟག་དེ།།
སྐྱེས་བུ་འབྲིང་ངམ་འབྲིང་དང་ཐུན་མོང་གི།།
ལམ་ལ་སླེབས་པ་ཉིད་དུ་ཤེས་བྱ་ཞིང་།།
འདི་ནི་ཆེན་པོའི་ལམ་གྱི་གཞི་མའང་ཡིན།།
དེ་ཡང་འགྱུར་དང་འདུ་བྱེད་སྡུག་བསྔལ་དང་།།དེ
་རྒྱུ་ལས་ཉོན་གྱིས་བསྡུས་ཀུན་འབྱུང་ཚུལ།།
ལེགས་པར་བསྒོམས་པས་བཅོས་མིན་ངེས་འབྱུང་གི།
བསམ་པར་ལྟོས་པས་ཚུལ་དེར་བརྩོན་པར་རིགས།།
༼༡༨༽
དེ་ཡང་འཇིག་རྟེན་འདི་ན་སྡུག་བདེན་ལ།།
སྐྱོ་བ་མང་ཡང་དེ་ཉིད་ཀུན་འབྱུང་གིས།།
བསྐྱེད་ཚུལ་མ་ཤེས་དེ་ཞི་འགོག་པ་དང་།།
ཞི་བྱེད་ལམ་ལ་རྨོངས་པས་གྲོལ་བ་ཉུང་།།
དེ་ཕྱིར་སྡུག་བདེན་འཁོར་བའི་ཉེས་དམིགས་དང་།།
དེ་རྒྱུ་ཀུན་འབྱུང་འཇུག་རིམ་གྱིས་འཇིགས་ནས།།
ཞི་དང་ཞི་བྱེད་འགོག་ལམ་ལ་བརྩོན་པའི།།
སྐྱེས་བུ་དེ་ཡང་བསྟོད་པར་འོས་མོད་ཀྱང་།།
ཇི་ལྟར་ཉེན་དང་འཕྲད་ཚེ་བཟའ་དཔོན་གྱིས།།
རང་གི་ཕ་མ་བུ་དང་ཆུང་མ་སོགས།།
དོར་ནས་རང་ཉིད་འབའ་ཞིག་འབྲོས་རྩོམ་པ།།
འཇིག་རྟེན་ན་ཡང་ཤིན་ཏུ་སྨད་འགྱུར་བཞིན།།
སེམས་དང་བསམ་པའི་ཁོངས་རབ་ཆེས་ཡངས་པའི།།
སྐྱེ་བོ་མཆོག་གི་རིགས་རྣམས་རང་ཉིད་ཙམ།།
སྡུག་བསྔལ་གསུམ་གྱིས་མནར་བའི་ངང་ཚུལ་དང་།།
དེ་ལས་ཐར་བའི་ཐབས་ཙམ་གཙོར་མི་འཛིན།།
ཇི་ལྟར་རང་ཉིད་སྡུག་ཀུན་གྱིས་མནར་བའི།།
ཚུལ་ལ་དམིགས་པའི་ཡིད་འབྱུང་ཤུགས་དྲག་པ།།
དེ་ཙམ་ཉིད་དུ་དེ་ཉམས་ལ་དཔགས་ནས།།
གཞན་དག་ལའང་མི་བཟོད་སྙིང་རྗེ་སྐྱེ།།
དེ་ལྟའི་སྙིང་རྗེ་ཅི་ཙམ་ཤུགས་དྲག་པ།།
དེ་ཙམ་འགྲོ་རྣམས་སྒྲོལ་བ་རང་ཉིད་ཀྱིས།།
ཁུར་དུ་ཁྱེར་བའི་ལྷག་བསམ་ཤུགས་དྲག་པ།།
འབྱུང་ཞིང་དེ་ཚེ་སྐྱེས་བུ་ཆེན་པོར་གྱུར།།
དེ་ལྟ་མོད་ཀྱང་རང་ལ་ནུས་པ་དེ།།
མེད་པར་མཐོང་ནས་མཁའ་ཁྱབ་མ་རྣམས་ཕྱིར།།
ཡང་དག་རྫོགས་བྱང་སྙིང་ནས་དོན་གཉེར་བའི།།
སེམས་བསྐྱེད་འཁྲུངས་ཤིང་ཐེག་པ་ཆེན་པོར་གྱུར།།
༼༡༩༽
ཐེག་པ་ཆེན་པོའི་བྱང་ཆུབ་མཆོག་ཉིད་དུ།།
བགྲོད་པར་བྱེད་དམ་བགྲོད་ཟིན་གང་རུང་གིས།།
བསྡུས་པའི་ཐེག་ཆེན་མཁྱེན་པ་ཐེག་ཆེན་ལམ།།
ཆེན་པོ་བདུན་དང་ལྡན་པས་ཆེན་པོར་བརྗོད།།
ས་མཚམས་ཐེག་ཆེན་ཚོགས་ལམ་ནས་བཟུང་སྟེ།།
རྫོགས་སངས་རྒྱས་བར་འཇོག་པས་ཐེག་ཆེན་ལ།།
སེམས་ཅན་ཁོ་ནས་མ་ཁྱབ་སངས་རྒྱས་ཀྱང་།།
འཇོག་དགོས་ཚུལ་སོགས་གཞུང་བཞིན་ཤེས་པར་བྱ།།
དེ་ཡང་ས་བཅུ་ལམ་ལྔ་རིམ་བཞིན་དུ།།
ཇི་ལྟར་བགྲོད་པའི་ཚུལ་ལ་མཁས་དགོས་ཀྱང་།།
མང་བར་འགྱུར་བས་ས་བཅུ་གཞན་དུ་ལྟོས།།
འདིར་ནི་ལམ་ལྔའི་བགྲོད་ཚུལ་མདོ་ཙམ་འཆད།།
གཞན་ཕྱིར་བླ་མེད་རྫོགས་བྱང་དོན་གཉེར་བློར།།
རྩོལ་མེད་མྱོང་བ་ཐོན་ཚེ་ཐེག་ཆེན་གྱི།།
ཚོགས་ལམ་ཐོབ་པོ་བདེན་བཞི་ལ་བརྟེན་པའི།།
དྲན་ཉེ་བཞིས་བསྡུས་ཚོགས་ལམ་གསུམ་ཡོད་དོ།།
དྲན་པས་སེམས་དེ་རང་གི་དམིགས་པ་ལ།།
ཡང་ཡང་གཏོད་པར་བྱེད་པས་དྲན་ཉེ་སྟེ།།
ཉེ་ལ་དོན་མང་བཤད་ཀྱང་སྐབས་འདིར་ནི།།
ཡང་་ཡང་ཞེས་པའི་དོན་དུ་གོ་དགོས་གསུངས།།
དེ་ལ་ལུས་དང་ཚོར་བ་སེམས་དང་ཆོས།།
དྲན་པ་ཉེར་བཞག་བཞི་ཡོད་ལུས་དྲན་ཉེས།།
ལུས་དེ་སྡུག་བདེན་ཉིད་དུ་བསམས་ནས་ནི།།
དེ་ལ་འབྲལ་འདོད་བསམ་པ་སྐྱེད་པར་བྱེད།།
ཚོར་བས་སྲེད་པ་འདྲེན་པར་མཐོང་ནས་ནི།།
སྲེད་པའམ་ཀུན་འབྱུང་སྙིང་ནས་སྤོང་འདོད་བློ།།
སྐྱེད་པར་བྱེད་པ་ཚོར་བ་དྲན་ཉེ་དེ།།
ཚུལ་བཞིན་བསྒོམས་པའི་ལག་རྗེས་ཉིད་དུ་བཤད།།
སེམས་ཀྱི་དྲན་པ་ཉེར་བཞག་ལ་གོམས་པས།།
བདག་བྲལ་སེམས་དེ་སྐད་ཅིག་སྐྱེ་འགག་སོགས།།
བྱེད་པར་རྟོགས་ནས་བདག་དེ་ཆད་དོགས་ཀྱིས།།
མི་འཇིགས་འགོག་པ་མངོན་དུ་བྱ་འདོད་སྐྱེད།།
ཀུན་ཉོན་སྤང་བྱ་རྣམ་བྱང་བསྟེན་བྱ་རུ།།
རྟོགས་ནས་ལམ་བདེན་བསྒོམ་པར་འདོད་པའི་བློ།།
སྐྱེད་པར་བྱེད་པ་ཆོས་དྲན་ཉེར་བཞག་དེ།།
བསྒོམས་པའི་ལག་རྗེས་ཉིད་དུ་ཤེས་པར་བྱ།།དེ
་ཕྱིར་དབུས་མཐར་བདེན་བཞི་ལ་འཇུག་པའི།།
དྲན་པ་ཉེ་བར་བཞག་པ་བསྒོམ་ཞེས་དང་།།
རྒྱན་ལས་དྲན་པ་ཉེར་བཞག་ནས་བཟུང་སྟེ།།
ཞེས་སོགས་གསུངས་པའང་གཞུང་བཞིན་ཤེས་པར་བྱ།།
༼༢༠༽
དེ་ནས་ཐེག་ཆེན་ཚོགས་ལམ་ཆེན་པོ་པས།།
ཞི་གནས་ལ་བརྟེན་བདེན་བཞིའི་གནས་ལུགས་ལ།།
མཚན་ཉིད་སོ་སོར་རིག་པའི་ཡིད་བྱེད་ཀྱིས།།
ཐོས་དང་བསམ་བྱུང་རེས་ཀྱིས་དཔྱད་སྟོབས་ཀྱིས།།
དྲངས་པའི་ཤིན་སྦྱངས་ཐོབ་དང་སྟོང་ཉིད་ལ།།
དམིགས་པའི་ལྷག་མཐོང་དེ་ལ་མོས་ཡིད་བྱེད།།
དེ་ཡི་ཞི་ལྷག་ཟུང་འབྲེལ་ཐོབ་པ་དང་།།
ཐེག་ཆེན་སྦྱོར་ལམ་ཐོབ་པ་དུས་མཉམ་མོ།།
དེ་ཡི་དྲོད་སོགས་ཇི་ལྟར་འཇོག་ཚུལ་དང་།།
དེ་ཉིད་ཁྱད་ཆོས་དྲུག་གིས་ཉན་རང་ལས།།
ཇི་ལྟར་འཕགས་ཚུལ་དབྱེ་བ་བཅུ་གཉིས་སོགས།།
ཤེས་པར་འདོད་ན་གཞུང་ཆེན་རྣམས་ལ་སློབ།།
གང་ཞིག་རང་ཞི་ཙམ་གྱི་རྣམ་གྲོལ་ལམ།།
སྒྲུབ་ལ་བརྩོན་རྣམས་མི་རྟག་སོགས་བཅུ་དྲུག།
ཙམ་གྱིས་བདེན་བཞི་བསྒོམ་ཡང་རྫོགས་བྱང་དུ།།
བགྲོད་རྣམས་བརྒྱ་དང་བདུན་ཅུར་ཕྱེ་ནས་བསྒོམ།།
ཐེག་ཆེན་རིགས་ངེས་མ་ངེས་སྦྱོར་ལམ་པས།།
སྟོང་བ་ཉིད་ལ་དམིགས་པའི་ཞི་ལྷག་དང་།།
ཟུང་དུ་འབྲེལ་ནས་ཇི་ལྟར་ཐོབ་ཚུལ་སོགས།།
གཞུང་ཆེན་ཞིབ་ཏུ་སྦྱངས་ན་ཇི་བཞིན་ཤེས།།
དེ་ནས་བདེན་བཞིའི་གནས་ལུགས་མངོན་སུམ་དུ།།
གསར་དུ་མཐོང་དང་སྦྱོར་ལམ་ཆོས་མཆོག་པ།།
མཐོང་བའི་ལམ་དུ་འཕོས་སོ་མཉམ་རྗེས་སོགས།།
ཇི་ལྟར་འཇོག་ཚུལ་སོགས་ཀྱང་འདིར་མི་འཆད།།
ཇི་ལྟར་རྐུན་མ་སྒོ་རུ་ཕྱུང་འདྲ་བའི།།
བར་ཆད་མེད་པའི་ལམ་དང་སྒོར་ཕྱུང་ནས།།
སྒོ་འཕར་བཅད་ལྟའི་དེས་དྲངས་རྣམ་གྲོལ་ལམ།།
ཇི་བཞིན་ཤེས་ན་ལམ་ལ་རྨོངས་མི་འགྱུར།།
མཐོང་ཟིན་དེ་ཉིད་ཡང་ཡང་གོམས་པ་ལས།།
སྤང་བྱ་སྒོམ་སྤང་སྒྲིབ་གཉིས་སྐོར་བཅུ་གཅིག།
སྒོམ་ལམ་བར་ཆད་མེད་ལམ་བཅུ་གཅིག་གིས།།
སྤོང་ཞིང་ས་བཅུ་རིམ་གྱིས་བགྲོད་པར་འགྱུར།།
དེ་ནས་རྒྱུན་མཐའི་བར་ཆད་མེད་ལམ་མམ།།
བྱང་སེམས་སྒོམ་ལམ་བར་ཆད་མེད་པའི་ལམ།།
ཆེན་པོའི་ཆེན་པོའམ་བྱང་ཆུབ་སེམས་དཔའ་ཡི།།
སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན།།
དེ་ཡིས་དྲི་མ་ཕྲ་མོའི་ཕྲ་མོ་ཀུན།།
ས་བོན་དང་བཅས་ལྷག་མ་མ་ལུས་པར།།
སྦྱངས་མཐར་གཙང་བདེ་རྟག་བདག་དམ་པ་ཡི།།
ཕར་ཕྱིན་བཞིས་བསྡུས་འབྲས་བུ་མཆོག་ཐོབ་འགྱུར།།
དེ་ནས་འཕྲིན་ལས་ལྷུན་གྱིས་གྲུབ་པའི་སྒོས།།
ཀུན་ལ་ཕན་བདེའི་སྒོ་བརྒྱ་འབྱེད་པར་འགྱུར།།
དེ་དག་ཀུན་ཀྱང་བདེན་བཞིའི་བླང་དོར་ལ།།
མཁས་ཤིང་བསྒྲུབས་ལས་བྱུང་བའི་འབྲས་མཆོག་ཉིད།།
དེ་ཕྱིར་ལེགས་ཉེས་དཔྱོད་པའི་བློ་གྲོས་མིག།
ཡོད་པ་བདེན་ན་བདེན་བཞིའི་གནས་ལུགས་ལ།།
ཐོས་བསམ་སྒོམ་པའི་ཚུལ་ལ་མི་བརྩོན་ཞིང་།།
བྱང་ཆེན་དོན་དུ་མི་གཉེར་སུ་ཞིག་ཡོད།།
༼༢༡༽
མདོར་ན་སྙིང་ནས་སྡུག་བསྔལ་ལ་འཇིགས་ན།།
སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་དགོས་ཤིང་།།
བསམ་པས་མི་ཆོག་དེ་རྒྱུ་ལས་ཉོན་གྱིས།།
བསྡུས་པའི་ཀུན་འབྱུང་ཇི་བཞིན་ཤེས་དགོས་སོ།།
སྡུག་ཀུན་གཉིས་ཀྱིས་སྲིད་པར་འཁྱམས་པའི་ཚུལ།།
ཇི་བཞིན་ཤེས་ནས་ཇི་ལྟར་འཇིགས་ན་ཡང་།།
དེ་ཉིད་ཟད་པའམ་ཟད་པར་བྱེད་པའི་ཐབས།།
མ་རྙེད་བར་དུ་འཁུམ་ཞིང་སྲོ་ཤིའི་རྒྱུ།།
དེས་ན་རྒྱུ་བཅས་མི་རྟག་སྡུག་ཀུན་འདི།།
ཟད་པ་འགྲུབ་པས་ཞི་བ་འགོག་བདེན་དང་།།
ཟད་དང་ཐོབ་བྱེད་ལམ་གྱི་བགྲོད་ཚུལ་ལ།།
བསླབས་ཤིང་མཁས་ན་མི་འཇིགས་སྤོབས་པ་འཐོབ།།
དེ་ཕྱིར་ཀུན་མཁྱེན་ཀུན་གྱི་སྐྱབས་མཆོག་དེས།།
རྨོངས་པའི་གཉིད་དུ་ཡུར་བའི་འགྲོ་བ་ཀུན།།
སློང་ཕྱིར་རྟག་བརྟན་བདེ་ཆེན་རི་རྩེ་ནས།།
བདེན་བཞིའི་ཆོས་ཀྱི་དུང་ཆེན་ཐོག་མར་བུས།།
དེས་ན་སྡུག་ཀུན་འགོག་ལམ་འདིའོ་ཞེས།།
ལམ་འགྲོ་དབུལ་བོས་ཕྱུག་པོ་གཞན་གྱི་ཕྱུགས།།
བགྲང་བའི་རྣམ་ཐར་མི་བསྐྱང་རང་གི་རྒྱུད།།
འཆོས་ཕྱིར་བདེན་བཞིར་བསླབ་ན་དོན་ཡོད་ཡིན།།
འདི་ནི་མཁས་པའི་གྲལ་དུ་འཛུལ་བྱེད་མིན།།
གཞན་སེམས་ཞི་བདེ་དཀྲུག་པའི་དགག་གཞག་མིན།།
རྒྱུ་ནོར་ཐོབ་ཐང་འགུགས་པའི་འདོད་སྲེད་ཀྱི།།
ལྕགས་མ་ཡིན་ལྷག་བསམ་འོད་ཕུང་ཡིན།།
མཁྱེན་དཔྱོད་འདབ་གཤོག་རྩལ་གྱིས་མདོ་རྒྱུད་གཞུང་།།
ལྷ་ལམ་ཡངས་པོར་བགྲོད་ནུས་མཁའ་ལྡིང་ལ།།
འདི་མི་དགོས་ཀྱང་བདག་དང་སྐལ་མཉམ་གྱི།།
བློ་གསལ་གཤོག་རྩལ་སྦྱོང་རྣམས་བསྟེན་དང་ཕན།།
གལ་ཏེ་འདི་ལ་འབད་པས་རྣམ་དཀར་ལས།།
མཆིས་ན་དགེ་ཚོགས་མ་ལུས་བསྟན་འགྲོའི་དོན།།
འཕེལ་ཕྱིར་བསྔོའོ་མ་རྟོགས་ལོག་རྟོག་གིས།།
ནོངས་པ་ཅི་མཆིས་དམ་པའི་སྤྱན་སྔར་བཤགས།།
༼༢༢༽
ཞེས་བདེན་བཞིའི་རྣམ་གཞག་ཚིགས་བཅད་དུ་བསྡེབས་པ་བློ་གསལ་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ་འདི་ནི།
བདག་གི་སྤུན་ཆུང་སྤྱན་སྔ་བ་བཛྲ་འཕྲིན་ལས་རྒྱ་མཚོས་བདེན་བཞིའི་དོན་ཚིགས་བཅད་དུ་བསྡེབས་པ་་བློར་འཛིན་བདེ་བ་ཞིག་ཅིས་ཀྱང་དགོས་ཞེས་རི་ཆུ་ཁྲི་སྟོང་གི་ཕ་རོལ་ནས་ཡང་དང་ཡང་དུ་བསྐུལ་བ་དང་།
དེ་བཞིན་དུ་རང་གི་གམ་གཅར་བ་སྤུན་ཆུང་བཛྲ་འོད་ཟེར་དང་། ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་གྲྭ་བ་མིན་ཡང་མཆོག་གསུམ་ལ་དད་པ་གཙང་ཞིང་རང་གཤིས་མཆོག་ཏུ་དྲང་བའི་ཚ་བོ་སྒྲོལ་མ་སྐྱབས་གཉིས་ཀྱིས་ཀྱང་ཡང་ཡང་ནན་གྱིས་བསྐུལ་བའི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཆེད་དང་།
ལྷག་པར་ཡང་རང་ཉིད་དོན་འདི་ལ་བློ་གོམས་པའི་ཕྱིར་དང་། བསྟན་འགྲོའི་དོན་ཅུང་ཟད་རེ་བསྒྲུབ་ཐུབ་ནའང་ཅི་མ་རུང་སྙམ་པའི་ཀུན་སློང་གཙང་མའི་སྒོ་ནས་བྲིས་པ་ཡིན་ཞིང་།
དེ་ཡང་ཆོས་ཟབ་མོ་ལ་རང་དགར་གཟུ་ལམ་དུ་འཇུག་པའམ་རང་གཟོ་སྤང་པའི་ཕྱིར་དུ་འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མཆོག་གིས་མཛད་པའི་བདེན་བཞིའི་རྣམ་གཞག་ཐར་འདོད་འཇུག་ངོགས་མཁས་པའི་དགའ་སྟོན་གཞིར་བཟུང་ནས་དེའི་སྡོམ་ལྟ་བུར་བྲིས་པ་ལགས་ཤིང་། འདི་འབྲི་བཞིན་པའི་སྐབས་སུ་བདག་གི་བྱིས་དུས་ཀྱི་གྲོགས་པོ།
སྲིང་མོའི་ཁྱོ་ག་གདུགས་དཀར་ཚེ་རིང་ཞེས་བྱ་བ་སྟབས་མ་ལེགས་པར་འགྲུམ་འགྲུལ་གྱི་དོན་རྐྱེན་ངན་པས་ཚེ་སྲོག་ཤོར་སོང་བས།
བྱ་བ་བྲེལ་ཟིང་དང་སེམས་ཁམས་སྐྱོ་སྡུག་གིས་མནར་བས་རེ་ཞིག་འབྲི་མཚམས་འཇོག་དགོས་པ་ལྟ་བུ་ལ་ཐུག་ཀྱང་། འདི་ནི་རྣམ་དཀར་དགེ་བའི་ལས་ཤིག་ཡིན་པས་ཁོའི་དགེ་རྩར་དམིགས་ནས་མཚམས་མ་བཞག་པར་རྫོགས་པར་བྲིས་པ་ལགས་པས།
ཁོ་རང་བར་དོ་ན་འཇིགས་སྐྲག་དང་ཕྱི་མ་ན་ངན་སོང་མེད་ཅིང་། སླར་ཡང་དལ་འབྱོར་གྱི་ལུས་རྟེན་བཟང་བོ་ཞིག་ཐོབ་སྟེ་རྒྱལ་བའི་བསྟན་པ་ལ་ལེགས་པར་བསླབ་ནས་ཐར་བའི་ལམ་སྣ་ཟིན་པའི་རྒྱུར་ཡང་བསྔོས་བས་དེ་བཞིན་དུ་གྱུར་ཅིག
།
|