
༄༅།།བུ་མོ་ཆུང་ཆུང་གཉིས་ཀྱི་རྩོད་པའི་ངར་ཤུགས།
གསར་འགོད་པ། པད་དཀར་འབངས།
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ཟླ་རེའི་རྒྱུན་སྲོལ་ལྟར་དེ་རིང་སྤྱི་ཟླ་བཅུ་བའི་དུས་དཀྱིལ་གྱི་འཛིན་གྲྭ་གཏུག་པ་ཡིན། ཡིན་ཡང་དམའ་འབྲིང་གི་འཛིན་གྲྭ་རེ་འགའ་སང་ཉིན་ཁུལ་ཡོངས་ཀྱི་མཉམ་རྒྱུགས་ལ་འཇུག་དགོས་པས་ཐེངས་འདིའི་འཛིན་གྲྭ་གཏུག་ལ་འཇུག་པའི་ཁོམ་ལོང་མེད་པར་གྱུར། འདི་ལྟར་རྩོམ་ཡིག་ཅིག་གི་སྦྱོར་བ་རྩོམ་པ་ནི་འགོག་མེད་ཀྱི་ཀུན་སློང་ཞིག་གིས་ངའི་མིད་ཐག་ཁར་ཡང་ཡང་འཕངས་པས་ཡིན་ལ། ཀུན་སློང་དེའང་རྒྱུ་རྐྱེན་ལ་མི་ལྟོས་པའི་རང་བྱུང་ཞིག་ག་ལ་ཡིན། ཐེངས་འདིའི་འཛིན་གྲྭ་གཏུག་གི་རིགས་སློང་བའི་ཁྲོད་ནས་སློབ་བུ་བསམ་བཟང་སྐྱིད་དང་། སྟོང་ཉིད། ཚེ་སྒྲོན། གེ་མཚོ། སོགས་ཀྱི་རིགས་ལམ་དང་། རྩོད་ཤུགས། རྩོད་ཉམས་སོགས་གང་ཐད་ནས་ཡག་ཡག་ཅིག་ཐོན་པ་འདི་ལྟ་བུ་ནི། དེ་སྔ་ཡན་ལ་ངས་སློབ་གླིང་འདུར་མཐོང་མ་མྱོང་། ལྷག་པར་ལོ་ན་ཆུང་བའི་སློབ་བུ་ཨ་པེས་དང་། ཀེ་ཐོ་གྲུང་གཉིས་ཀྱི་རྩོད་ཤུགས་དང་རྩོད་ཉམས་ནི། མཚན་ཉིད་རྩོད་གྲྭའི་བན་ཆུང་རྩོད་ཉམས་ཅན་ཞིག་གི་ཚད་གཞི་དང་ཆེས་ཐག་ཉེ་བོ་འདུག དེ་བས་ཕྱི་དྲོ་འདིར་དགའ་སྤྲོ་ཟེར་བ་དེ་ངའི་སྙིང་གི་ཁོང་ནས་དྲོད་ཀྱིས་རྡོལ། བུ་མོ་ཆུང་ཆུང་འདི་གཉིས་ཀྱི་དོན་ལ་གཟུ་ཞིང་གནད་ལ་ཁེལ་བའི་རིགས་ལམ་དང་། ཕས་རྒོལ་ཟིལ་གནོན་གྱི་སྙིང་སྟོབས་མཐོང་ཚེ། ལོ་སྔོན་མའི་འདས་དོན་ཞིག་ཀྱང་འཕྲལ་ལ་བློ་ངོར་འཁོར་བྱུང་། དེ་ནི་ངེད་སློབ་༼ བུ་མོའི་སློབ་གྲྭ། ༽གྲྭའི་སློབ་མ་མང་བོ་ཞིག་དགེ་རྒན་ཚང་༼ འཇིགས་མེད་རྒྱལ་མཚན། ༽གི་ཐུགས་བཞེད་ལྟར་ཤེས་རིག་ནོར་གླིང་ལ་བསྡུས་གྲྭ་རྩོད་དུ་སོང་བ་དེ་ཡིན། ཤེས་རིག་གླིང་གི་དམ་བཅའ་བའི་ཁྲོད་དུ་གྲྭ་བའང་ཡོད། ཕྱོགས་ན་གནས་པ་གཞན་དག་གིས་བོད་ཀྱི་བུད་མེད་ཚོས་གྲྭ་བ་ཚོར་རྩོད་པ་འཕེན་པའི་སྐབས་དེའི་འདྲ་པར་དག་དྲ་ལམ་ཁག་ནས་མཐོང་སྟེ་མང་བོ་ལབ་སོང་། ཁ་ཅིག་ན་རེ། འདི་བཀྲ་མི་ཤིས་པའི་རྟགས་འཇིགས་སུ་རུང་བ་རེད་ཅེས་གྲགས། གཞན་འགའ་ཞིག་ན་རེ། བསྟན་པ་འཇིག་པའི་སྔ་ལྟས་ཅིའི་མ་ཡིན་ཟེར། ཁོ་བོ་དེ་དག་ལ་འདི་ཡིན་དེ་མིན་གྱི་ཁ་རྩོད་སློང་བར་ཅུང་ཟད་ཀྱང་མི་སྤྲོ་མོད། འོན་ཀྱང་། བསམ་པར་བྱ་བ་ཉུང་ཙམ་མཆིས་ཏེ། བསྡུས་གྲྭ་ནི་ཤེས་རབ་འཕེལ་བའི་ཐབས་སུ་ཆེ་བས་བུད་མེད་ཀྱིས་སྦྱོང་མི་ཆོག་པའམ། བུད་མེད་ཀྱི་ཤེས་རབ་འཕེལ་མི་དགོས་ཞེས་ཤེས་ལྡན་སུ་ཡིས་འཆད་པར་ཕོད། ཡང་བུད་མེད་ཚོས་གྲྭ་བར་རྩོད་པ་འཕེན་པ་ནི་མ་གུས་པར་འདོད་ན། བུད་མེད་ཀྱིས་གྲྭ་བར་བཟའ་བཏུང་སྟེར་བའང་མ་གུས་པ་ཡིན་ནམ། དེ་གཉིས་ཀུན་སློང་མི་འདྲའོ་ཟེར་ན། བུད་མེད་ཚོས་གཞུང་ན་གསལ་བའི་རྩོད་པའི་རྒྱུ་གསུམ་དང་ལྡན་པར་གྲྭ་བར་རྩོད་པ་འཕེན་པ་དང་། གུས་པའི་སེམས་ཀྱིས་གྲྭ་བར་བཟའ་བཏུང་ཕུལ་བ་གཉིས་ལ་རུང་མི་རུང་གི་ཁྱད་པར་གང་ཡོད། དེ་ལ་སོ་སྐྱེས་རང་འགའ་བར་རང་གིས་ཤེས་པར་འདོད་པའི་གུས་པ། གཞན་གྱི་ལོག་རྟོག་བསལ་བར་འདོད་པའི་སྙིང་རྗེ། གཞན་ལ་སྟོན་པར་འདོད་པའི་བྱམས་པ་སྟེ་དེ་འདྲའི་རྒྱུ་གསུམ་ལྡན་པར་དཀའ་འོ་ཟེར་ན། བུད་མེད་ཚོས་གྲྭ་བར་བཟའ་བཏུང་འབུལ་བའང་ཀུན་སློང་དེ་ཙམ་གཙང་ཞེས་ཇི་ལྟར་སྨྲ། དེས་ན། སྐྱ་བོའི་དད་མོས་ཀྱི་སོར་རྩེ་ནས་འདོད་ཡོན་གྱི་དཔལ་ལ་ཅི་བདེར་རོལ་བཞིན་པ་འགའ་ཞིག་ལ་མཐོང་ཙམ་ནས་མིག་ལ་མི་བདེ་བ་ཞིག་ཡིན་དུ་ཆིག་ཀྱང་། ལུང་ལས་བཀག་པ་མེད་ན་ཉིད་ཀྱིས་དེ་ཙམ་ཕྲག་པ་དོག་པོ་གནང་མི་དགོས་པ་འདྲ། དེས་ན་བུད་མེད་ཚོས་སྣ་མང་རིག་གནས་སྦྱོང་མི་དགོས་ཟེར་བ་ནི་བུད་མེད་ཚོ་འཚང་རྒྱ་མི་དགོས་ཟེར་བ་ཡིན་ཏེ། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། ། དངོས་དེ་གང་ཡང་ཡོད་མ་ཡིན། ། ཞེས་པའི་གཞུང་དོན་ལ་བསམ་པར་འཚལ་ཞེས་ཀྱང་ཞུ་བའོ།།
༢༠༡༦ ༡༠ ༡༣ ཉིན།
|