​​བྱང་ཆུབ་སེམས་དཔའ་ལ་འཇུག་པའི་ཐབས་བསྟན་པ་ལེགས་བཤད་དྲི་མེད་ཤེལ་ཀྱི་མེ་ལོང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »​​བྱང་ཆུབ་སེམས་དཔའ་ལ་འཇུག་པའི་ཐབས་བསྟན་པ་ལེགས་བཤད་དྲི་མེད་ཤེ
​​བྱང་ཆུབ་སེམས་དཔའ་ལ་འཇུག་པའི་ཐབས་བསྟན་པ་ལེགས་བཤད་དྲི་མེད་ཤེལ་ཀྱི་མེ་ལོང་།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-08-13ལྟ་ཀློག (4786)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བྱང་ཆུབ་སེམས་དཔའ་ལ་འཇུག་པའི་ཐབས་བསྟན་པ་ལེགས་བཤད་དྲི་མེད་ཤེལ་ཀྱི་མེ་ལོང་། 


གང་ཚེ་རྒྱལ་བོ་ཟས་གཙང་སྲས་ཀྱི་དུས།།

ཆོས་སྒོ་བླ་མེད་བརྒྱད་ཁྲི་བཞི་སྟོང་བསྟན།།

སྙིགས་མའི་སྐྱེ་བོ་བགྲོད་མཐུ་མི་ལྡན་ཡང་།།

སྙིང་བོ་མདོར་བསྡུས་གླིང་བཞིར་སྒྲོག་པར་བྱ།།

བླ་མེད་གོ་འཕང་བརྙེས་པའི་མི་མཛེད་བདག།

རྐང་གཉིས་གཙོ་རུ་གྱུར་བའི་དམ་པ་ཁྱོད།།

བདུད་འཇོམས་གསུང་སྒྲོས་སྲིད་གསུམ་འདར་བར་མཛད།།

སྟོན་པ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།།

བླ་མ་མགོན་པོ་ལྷག་པའི་ལྷ་མཆོག་ལ།།

གཞོན་ནུར་གྱུར་དང་སེང་གེས་སྒྲ་སྒྲོགས་པ།།

དེ་སོགས་ཐམས་ཅད་མཐུ་ཡིས་སྒྲུབ་ནུས་པ།།

མཆོད་ཅིང་དང་བས་ཕྱག་འཚལ་བསྟོད་པར་བྱ།།

དྲི་ཟའི་མཚོ་བྱུང་སྟོང་འདབ་གདན་སྟེང་དུ།།

འགྱིང་ངེར་བཞུགས་མཁན་དབྱངས་ཅན་ལྷ་མོ་མཆོག།

ཤེས་རབ་ངག་གི་དཔལ་ནི་སྩོལ་ཅིག་དང་།།

ཚངས་སྲས་སྒྲ་དབྱངས་ལྷ་མོར་ཕྱག་འཚལ་བསྟོད།།

གཉིས་མེད་གསུང་གིས་བསྟན་པའི་ཆོས་སྒོ་རུ།།

བསྟན་པ་རྒྱས་མཛད་འཆིང་གྲོལ་ཐབས་ལམ་བསྟན།།

མཐའ་དག་འགྲོ་བའི་སྡུག་བསྔལ་སེལ་ཕྱིར་དུ།།

མདོར་བསྡུས་འདི་རུ་བརྗོད་པར་བྱ་བ་ལགས།།

གཟུར་གནས་དོན་གཉེར་བློ་ལྡན་སྐྱེས་བུ་རྣམས།།

ཐམས་ཅད་མཁྱེན་པའི་གོ་འཕང་འདུན་པ་ན།།

འདི་ཉིད་སློབ་པར་ཐོས་བསམ་བསྐྱེད་ཅིག་བུ།།

འདུན་མེད་སྐྱེ་བོར་གདམས་ངག་འབོགས་པ་མིན།།

བསྟན་པའི་སྒོ་འདི་འཛམ་གླིང་མེད་པ་ན།།

ཡིད་ཀྱི་མུན་པའི་སྨག་རུམ་འཐིབས་པར་འགྱུར།།

དེའི་ཕྱིར་རྣམ་བཤད་འདི་ཉིད་བརྩམས་པ་ན།།

དབུས་འགྱུར་བསྟན་པའི་དགའ་ཚལ་བསྐྱེད་པར་འོས།།

རྟེན་འབྲེལ་བཅུ་གཉིས་ཟོ་འཆུན་འཁོར་ལོ་འདིས།།

འཁོར་བར་འཁོར་བའི་རྒྱུ་ཡང་གསར་དུ་གསོག།

སྡུག་བསྔལ་གཅིག་པུའི་སྟོང་གསུམ་འགེངས་བྱེད་པའི།།

གདམས་པ་འདི་ལ་ཉོན་ཅིག་རིགས་ཀྱི་བུ།།

ཡང་ཡང་འཁོར་བའི་བཙོན་རྭར་འཇུག་འདོད་ན།།

འདོད་ཡོན་ལྔ་ལ་སྤྱོད་ཅིག་བླུན་པོ་རྣམས།།

དེ་དག་ལས་ལྡོག་ཐར་འདོད་དཔའ་བོ་རྣམས།།

བག་མེད་སྤངས་པ་བྱང་སེམས་སྤྱོད་པ་ཡིན།།

བརྒལ་དཀའི་འཁོར་བའི་དྲག་རྦབ་ཀློང་འཆིའི་གཡང་།།

ལྟུང་བའི་ཉེན་དུ་བྱང་ཆུབ་སྤྱོད་པར་བརྩོན།།

བསླུ་སའི་གཏི་མུག་མུན་པ་ལས་རང་རྒྱུད།།

འདོད་ཆགས་སྤངས་པ་བྱང་སེམས་སྤྱོད་པ་ཡིན།།

རླུང་ནག་དྲག་པོས་མེ་མུར་སྐུལ་བྱེད་ཅིང་།།

དགེ་བའི་ཚང་ཚང་འཇོམས་ནུས་ཁོང་ཁྲོ་ལས།།

ཁོང་ཁྲོ་མེ་འདི་བཟོད་པས་ཆོམས་ཤིག་ལེགས།།

ཁོང་ཁྲོ་སྤངས་པ་བྱང་སེམས་སྤྱོད་པ་ཡིན།།

མགོ་བོ་བཏེགས་ན་ཡོན་ཏན་མི་སྐྱེ་ཞིང་།།

མར་ངོས་ཟླ་བཞིན་དེ་ལས་འགྲིབ་པར་བྱེད།།

ཡོན་ཏན་ཆུ་བོ་སྒང་དུ་མི་བཞུར་བཞིན།།

ང་རྒྱལ་སྤངས་པ་བྱང་སེམས་སྤྱོད་པ་ཡིན།།

ལོག་རྟོག་ཐེ་ཚོམ་ལྟ་ངན་ཀུན་གྱི་རྒྱུ།།

ཆགས་སོགས་ཉོན་མོངས་ཀུན་ལས་གཞིར་གྱུར་བའི།།

ཤེས་རབ་ལྕགས་ཀྱུའི་མ་རིག་འཇོམས་མཛད་ནས།།

མ་རིག་སྤངས་པ་བྱང་སེམས་དམ་པར་འཛིན།།

བདེ་མེད་དམྱལ་བར་མཚོན་ཆའི་ཆར་འབབ་པ།།

སྡིག་པའི་འབྲས་བུར་སོག་ལེས་དུམ་བུར་གཅོད།།

འབུར་གཉིས་བཙིར་ཅིང་མེ་ལྕེའི་ཕུང་བོ་གཏུག།

ལྕགས་ཀྱི་ས་གཞིར་མེ་རྡོ་སྦོམ་པོས་འདྲད།།

རབ་འབར་ལྕགས་ཀྱི་ཁང་བར་འཇུག་ཅིང་ལྕགས།།

སྒོ་རུ་སྦྱར་ཏེ་མེ་ཡི་ཕུང་པོར་འགྱུར།།

སྲེག་སྣུམ་ཁོལ་མའི་སླང་ངར་འཕེན་ཅིང་རྩེ།།

མེ་ལྕེའི་གསལ་ཤིང་ཚེར་མ་ཅན་གྱིས་འཛེར།།

མེ་འབར་ལྕགས་རིལ་ཁ་རུ་འཇུག་ཅིང་ནི།།

ཟངས་ཀྱི་ཞུན་མའི་ཕུང་བོ་མགྲིན་མཚན་བསྲེགས།།

ཉིན་རེར་མདུང་རྣོན་སུམ་བརྒྱའི་དྲག་ཆར་འབབ།།

རབ་འབར་ལུས་པོར་བསྣུན་ཏེ་ཁྲག་འབབ་པ།།

ཕྱོགས་བཅུར་མེ་ཡི་རྒྱ་མཚོའི་ཁྱབ་ཅིང་ལུས།།

བ་སྤུའི་ཁུང་བུར་མཚོན་ཆ་སྟོང་གིས་འགེངས།།

དམྱལ་བའི་སྐྱེས་བུས་ལྕགས་ཐག་ཁྲི་ཕྲག་གིས།།

སྡམས་ཤིང་མཚོན་བསྣུན་མནར་མེད་ཡུལ་དུ་ཁྲིད།།

གངས་རིས་བསྐོར་ཅིང་འཁྱག་རོམ་གྱིས་ནི་སར།།

ས་གཞིར་བརྩེགས་ཤིང་རབ་གྲང་མཚོ་རུ་རྣོའི།།

སྤུ་གྲིའི་འདྲད་ཅིང་ངུ་སྒྲའི་སྟོང་གསུམ་དགོད།།

གྲང་ངར་གོས་ནི་ལུས་པོ་གཤགས་ཤིང་གཏུབ།།

ཆུ་བུར་བརྒྱའམ་སྟོང་གི་ལུས་པོ་ཁེངས།།

ཆུ་བུར་བརྡོལ་བའི་རྣག་ཁྲག་མཚོ་ལྟར་འཁྱིལ།།

གྲང་ངར་སྟོབས་ཀྱིས་ལུས་པོ་དྲུག་གམ་ནི།།

བཅུ་འམ་བརྒྱ་སོགས་གས་པའི་སྡུག་བསྔལ་མྱོང་།།

དྲི་ངན་ཁྱབ་པའི་འདམ་དུ་འགྱེལ་ཞིང་ནི།།

ལྕགས་སོའི་འབུ་ཡིས་ཤ་རུས་བརྒྱུད་ཅིང་རུས།།

སྙིང་བོ་བླངས་ཏེ་ཟ་བར་བྱེད་ཅིང་སྟེང་།།

ཞབས་བཏེགས་པའི་ནི་ཤ་སོགས་སླར་ཡང་སྐྱེས།།

སྡོད་ཡུལ་འཚོལ་ཅིང་སྤུ་ཀྲིའི་ལམ་དུ་བརྒྱུད།།

རྐང་བ་བཅད་གཏུབ་བྱེད་པར་ངེས་ཤིང་སླར།།

མེ་འབར་འོབས་དུ་འཇུག་ཏེ་པུས་མོ་མན།།

མེ་མུར་གྱིས་ནི་སྲེག་ཅིང་འཚིག་པར་བྱེད།།

ཆུ་ཚན་ཁོལ་མ་རབ་སྲེག་ནང་དུ་འཇུག།

དམྱལ་བའི་སྲུང་མ་རྣམས་ཀྱི་དྲ་ཡིས་བཏོན།།

མེ་ཡིས་ཚིག་པའི་ལྕགས་ཀྱིས་སྐམ་པས་ཁ།།

ཕྱེ་ཞིང་ཁ་རུ་ཟངས་ཞུན་སྡུག་པར་བྱེད།།

ནགས་ཚལ་མཐོང་སྟེ་རྒྱུག་ཞིང་རལ་གྲིའི་ལུས།།

གཤགས་གཏུབ་བྱེད་ཅིང་གཟན་ཆགས་གཏོར།།

གཉེན་སོགས་སྒྲ་ཐོས་ཡར་ལ་འཛེགས་ཤིང་རྣོ།།

ཚེར་མའི་ཕུང་བོ་རྣམས་གཤགས་སྡོང་བོའི་སྟེང་།།

ལྕགས་མཆུ་རབ་འབར་ཅན་གྱིས་མགོ་བོ་བཏོག།

དེ་ལས་མིག་འབྲུ་བླངས་ཏེ་ཟ་བར་བྱེད།།

མར་ལ་འབབ་ཅིང་ཕུང་བོ་རྣམས་ནི་གཤགས།།

ཁྱི་དང་གཅན་གཟན་མེ་འབར་ཚོགས་ཀྱིས་ཟ།།

ཚུལ་འདི་དགོངས་ནས་བདག་ཅག་སྟོབས་མེད་རྣམས།།

འཇམ་དཔལ་དབྱངས་དང་ས་བཅུའི་དབང་ཕྱུག་སོགས།།

སྐྱབས་སུ་བཟུང་ནས་འཁོར་བར་བྲལ་ཏེ་མཐར།།

ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་བར་མཛོད།།

མགོ་ནི་ཁྲོ་སླང་ཁ་ནི་ཁབ་མིག་དང།།

རྐང་ལག་རྩྭ་ཡི་འཇག་མ་ལྟར་དུ་ཕྲ།།

ཕུང་བོ་ལྕི་བས་མི་ཐེག་སྡུག་བསྔལ་མྱོང་།།

ཤིང་སྡོང་འབྲས་དང་ཆུ་སོགས་མཐོང་བར་འགྱུར།།

མི་མཐོོང་འགྱུར་དང་བཤང་གཅི་མཐོང་ན་ནི།།

སྲུང་མ་མཚོན་ཆ་ཐོག་པས་འགོག་ཤིང་ཁར།།

མི་ཤོང་མིད་པར་མི་ཁེངས་ལྟོ་བ་ནི།།

མི་ཚིམ་ཡན་ལག་མི་ཐེག་སྡུག་བསྔལ་མྱོང་།།

ཁ་རུ་བརྒྱུད་ན་མེ་རུ་འགྱུར་ཞིང་ནི།།

མིད་པར་འགག་སོགས་འཆི་རྐྱེན་འགྱུར་ཞིང་ལྟོག།

སྐོམ་པ་ཡས་ནི་མིད་པར་ལྦ་བ་འབྱུང་།།

ཚུལ་འདི་དགོངས་ནས་བདག་ཅག་སྟོབས་མེད་རྣམས།།

འཇམ་དཔལ་དབྱངས་དང་ས་བཅུའི་དབང་ཕྱུག་སོགས།།

སྐྱབས་སུ་བཟུང་ནས་འཁོར་བར་བྲལ་ཏེ་མཐར།།

ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་པར་མཛོད།།

གདམས་པ་འདི་ནི་རིན་ཆེན་ནོར་བུ་ཡིན།།

གདམས་པ་འདི་ནི་དགོས་འདོད་ཀུན་འབྱུང་ཡིན།།

གདམས་པ་འདི་ནི་རྒྱ་མཚོའི་གྲུ་གཟིངས་ཡིན།།

གདམས་པ་འདི་ལ་ཐོས་བསམ་གྱིས་ཤིག་ཨང་།།།། 

ཞེས་པ་འདི་སྟེ་ཆོས་དང་འཇིག་རྟེན་གཉིས་ཀར་འབྲེལ་བའི་བསླབ་བྱ་འདི་ནི་བློ་བཟང་འཇིགས་མེད་ཡེ་ཤེས་ཀྱིས་རང་ལོ་བཅུ་གཅིག་པ་ལ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་ཁར་བྲིས་པ་༢༠༡༤..༤.༢༢ཉིན་བྲིས་པ་དགེའོ།།སརྦ་མངྒ་ལ།།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25439923
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།