བྲག་དཀར་སྤྲེལ་རྫོང་ལ་བསྐྱོད་པའི་ངོ་མཚར་གྱི་མཐོང་ཐོས།
གསར་འགོད་པ། རྨ་གཞུང་བཙན་སྲས།
མདོ་སྨད་ཀྱི་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་ཁོངས་སུ་ཆགས་ཡོད་ལ་རི་མགོ་ཐམས་ཅད་ཤུག་སྡོང་དང་ཐང་ཤིང་། བྲག་རི་སོགས་ཀྱིས་མཛེས་པར་བརྒྱན་ཡོད། ད་དུང་ས་མིང་རེ་ལ་ངོ་མཚར་བའི་གཏམ་རྒྱུད་སྣ་ཚོགས་ཤིག་ཡོད་པར་མ་ཟད་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་ཡོད། མདོ་སྨད་ཆོས་འབྱུང་ལས། སློབ་དཔོན་པད་མ་འབྱུང་གནས་ཉིད།། ཁྲི་གཤོག་རྒྱལ་མོའི་མཚོ་ལ་ཕེབས།། དམ་སྲི་སྤུན་དགུ་དམ་ལ་བཏགས།། དེ་ནས་སྲོད་དང་ཐོ་རེངས་ལ།། སྲིན་པོ་ཁྲག་གི་རལ་བ་ཅན།། སྲིན་མོ་མི་སྡུག་མཆེ་བ་ཅན།། དེ་གཉིས་བཙས་པའི་འདྲེ་སྲིན་བདུན།། བྲོས་ནས་སྤྲེལ་རྫོང་བྲག་ལ་གནས།། ཞེས་གསུངས་པ་བཞིན་སློབ་དཔོན་པད་མ་འབྱུང་གནས་ཀྱིས་གནས་འདིར་འདྲེ་སྲིན་བཏུལ་ཞིང་གནས་འདི་བྱིན་གྱིས་བརླབས་པ་དང་། བསྟན་པ་ཕྱི་དར་གྱི་སྐབས་སུའང་ས་སྐྱ་པཎ་ཆེན་དང་འབྲི་གུང་འཇིག་རྟེན་མགོན་པོ། མ་ཅིག་ལབ་ཀྱི་སྒྲོལ་མ། རྗེ་ཙོང་ཁ་པ། ཤར་སྐལ་ལྡན་རྒྱ་མཚོ། རྗེ་གསེར་ཁང་བ། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་སུ་གྲགས་པར་མ་ཟད། ཕྱི་བལྟས་རི་ཆུ་ནགས་གསུམ་ལྟ་ན་སྡུག་ཅིང་བྲག་ངོས་སུ་ལྷ་སྐུ་དང་ཡིག་འབྲུ་རང་བྱོན་རྣམས་ལྷ་ཡི་སོར་མོའི་རྩལ་ལས་ཐོན་པ་ལྟ་བུའི་འབུར་དོད་དུ་བཞུགས་པས་ཡིད་དུ་འོང་ཞིང་ནང་བལྟས་དག་པ་ལྷ་ཡི་དགའ་ཚལ་དཔལ་ཧེ་རུ་ཀའི་ཕོ་བྲང་མངོན་སུམ་དུ་གྲུབ་པའི་གནས་མཆོག་འདིའི་ངོ་མཚར་བརྗོད་ལས་འདས་པས་གནས་མཆོག་འདི་ལ་ཐེངས་གཅིག་མཇལ་ནའང་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་གསོག་ཅིང་ལྷག་པར་དུ་གནམ་ལོ་སྤྲེལ་གྱི་ལོ་ལ་གནས་སྐོར་དུ་སོང་ན་དགེ་བ་འབུམ་འགྱུར་ཡིན་པར་གསུངས་སོ།།
བྲག་དཀར་སྤྲེལ་རྫོང་དགོན་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་།
བྲག་དཀར་སྤྲེལ་རྫོང་གི་གནས་མཇལ་ཕྱོགས་སྟོན་པར་རིས།
གནས་འདིར་མི་ལའི་རྡོ་འཕྲེང་དུ་འབོད་པ་དང་ཐེངས་གཅིག་བགྲོད་ན་འདི་ཕྱི་ཀུན་གྱི་བར་ཆད་སེལ་བར་བཤད།
མཐོ་རིས་ལ་ཡི་ཤིང་སྐས་གཟར་མོར་འཛེག་པའི་མཇལ་སྐོར་བ།
རྣམ་འཇོམས་ཁྲུས་ཀྱི་གནས་ཏེ་ཡོངས་གྲགས་སུ་གྲིབ་ཆུ་ཞེས་པའི་གནས་ཀྱི་མཇལ་བའི་འདུ་འཛི།
སྤྲེལ་རྫོང་དགོན་གཞུང་གི་ཇ་སྦྱིན་དང་ཟས་སྦྱིན་གཏོང་ས།
|