སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་༼བྱམས་བརྩེའི་འགུལ་སྐྱོད༽ཅེས་པའི་བརྗོད་གཞིའི་སྟེང་ནས་འཆད་ཁྲིད་གནང་བ།
སྤྱི་ལོ་༢༠༡༦ལོའི་ཟླ༧ཚེས༣ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ༧ ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མགོ་ལོག་ཤར་འོད་དགོན་འབྲོག་ཁུལ་རྨོངས་སེལ་ཞབས་ཞུ་ཚོགས་པས་གདན་དྲངས་པ་ལྟར་༼བྱམས་བརྩེའི་འགུལ་སྐྱོད༽ཅེས་པའི་དམངས་ཕན་སློབ་གསོའི་འཆད་ཁྲིད་ལ་བྱོན་ཏེ། ཤར་འོད་དགོན་སོགས་དགོན་སྡེ་ཁ་ཤས་ནས་ཕེབས་པའི་དགེ་འདུན་པ་དང་དེ་དག་གི་ལྷ་སྡེ་བཅས་སེར་སྐྱ་མང་བོར། དུས་རབས་ཉེར་གཅིག་པའི་དགེ་འདུན་པའི་འགན་འཁྲི་དང་། ནང་ཆོས་སྤྱི་ཚོགས་ཅན་དུ་བསྒྱུར་བའི་དགེ་མཚན། བོད་མི་ཡོངས་རྫོགས་ཡིག་རྨོངས་ལས་གྲོལ་དགོས་པའི་འབོད་བསྐུལ། སྒོ་གསུམ་གྱི་བྱ་སྤྱོད་ཚད་ལས་མི་བརྒལ་བར་ཡ་རབས་གཤིས་སྤྱོད་ལ་སློབ་པ། ཇི་ལྟར་བྱས་ཏེ་དྭངས་གཙང་གི་ཡུལ་ལྗོངས་སྲུང་སྐྱོབ་བྱེད་དགོས་པ་སོགས་ཀྱི་སྐོར་ནས་བཀའ་སློབ་ཟབ་རྒྱས་གནང་། མཇུག་ཏུ་སྐྱ་སེར་ཚང་མའི་རེ་ཞུས་བཞིན་འཇམ་དབྱངས་གང་བློ་མ་དང་།རྗེ་བླ་མས་མཛད་པའི་ལྷ་མོ་དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་དཀར་བོ་མ་སོགས་ལུང་ཁ་ཤས་ཀྱང་གནང་། མཐར་སྐྱ་སེར་དག་གི་དགའ་མགུའི་སྐྱེལ་མ་དང་བཅས་སློབ་དཔོན་རིན་པོ་ཆེ་མཆོག་སློབ་གླིང་དུ་ཕེབས།

ས་གནས་མང་ཚོགས་ཀྱིས་ཆིབས་བསུ་གནང་བཞིན་པ།
གྲྭ་བ་རྣམས་སེར་སྦྲེང་ལ་འབུད་བཞིན་པ།
དགོན་སྡེ་སོ་སོ་ནས་ཕེབས་པའི་གྲྭ་བ་རྣམས་ཀྱིས་སློབ་དཔོན་རིན་པོ་ཆེའི་འཆད་ཁྲིད་ལ་གསན་བཞིན་པ།
ས་གནས་མང་ཚོགས་ཀྱིས་བཀའ་སློབ་ལ་ཉན་བཞིན་པ།
༼གསར་འགོད་པ། ལུང་རྟོགས།༽
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|