ཆོས་ལ་འབད་རིགས་པའི་རྒྱུ་མཚན་ཉི་ཤུ་བ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།
བླ་མའི་བཀའ་དྲིན་སྙིང་ནས་དྲན་ན་དམ་པའི་ཆོས་ལ་འབད་པར་རིགས། །
དལ་འབྱོར་ཐོབ་པ་དོན་ལྡན་བྱེད་ན་དམ་པའི་ཆོས་ལ་འབད་པར་རིགས། །
མི་རྟག་འཆི་བར་སྙིང་ནས་སྐྲག་ན་དམ་པའི་ཆོས་ལ་འབད་པར་རིགས། །
ངན་འགྲོའི་སྡུག་བསྔལ་བཟོད་དཀའ་སྙམ་ན་དམ་པའི་ཆོས་ལ་འབད་པར་རིགས། །
ཁམས་གསུམ་འཁོར་བའི་རང་བཞིན་ཤེས་ན་དམ་པའི་ཆོས་ལ་འབད་པར་རིགས། །
ལས་འབྲས་མི་བསླུར་ཡིད་ཆེས་ཡོད་ན་དམ་པའི་ཆོས་ལ་འབད་པར་རིགས། །
བདེན་བཞིའི་འཇུག་ལྡོག་ཤེས་པ་བདེན་ན་དམ་པའི་ཆོས་ལ་འབད་པར་རིགས། །
ལུགས་འབྱུང་ལུགས་ལྡོག་རྟེན་འབྲེལ་ཤེས་ན་དམ་པའི་ཆོས་ལ་འབད་པར་རིགས། །
བྱང་ཆུབ་སེམས་ཀྱི་ཕན་ཡོན་ངེས་ན་དམ་པའི་ཆོས་ལ་འབད་པར་རིགས། །
ཕྱིན་དྲུག་སྤྱོད་ལ་དད་སྟོབས་ཡོད་ན་དམ་པའི་ཆོས་ལ་འབད་པར་རིགས། །
བདག་མེད་གཉིས་ལ་གོ་བ་ལོན་ན་དམ་པའི་ཆོས་ལ་འབད་པར་རིགས། །
མཐར་ཐུག་བླ་མེད་བྱང་ཆུབ་འདོད་ན་དམ་པའི་ཆོས་ལ་འབད་པར་རིགས། །
རིགས་དྲུག་ཕ་མའི་དྲིན་ལན་བསམ་ན་དམ་པའི་ཆོས་ལ་འབད་པར་རིགས། །
ཁྱིམ་པ་ཕོ་མོའི་དཀའ་སྡུག་མཐོང་ན་དམ་པའི་ཆོས་ལ་འབད་པར་རིགས། །
སངས་རྒྱས་བསྟན་པའི་ལ་རྒྱ་འཛིན་ན་དམ་པའི་ཆོས་ལ་འབད་པར་རིགས། །
ལོག་ལྟ་ཅན་ལ་རྒོལ་ལན་སྤྲོད་ན་དམ་པའི་ཆོས་ལ་འབད་པར་རིགས། །
མི་རིགས་བར་ལ་འཆམ་མཐུན་འཛུགས་ན་དམ་པའི་ཆོས་ལ་འབད་པར་རིགས། །
མེས་པོའི་རྒྱལ་ཁབ་བརྟན་པོར་གཏོང་ན་དམ་པའི་ཆོས་ལ་འབད་པར་རིགས། །
འཛམ་གླིང་ཞི་བདེ་ཚིག་ཙམ་མིན་ན་དམ་པའི་ཆོས་ལ་འབད་པར་རིགས། །
མདོར་ན་རང་གཞན་བདེ་ལ་འགོད་ན་དམ་པའི་ཆོས་ལ་འབད་པར་རིགས། །
ཞེས་རྒྱུ་མཚན་ཉི་ཤུའི་སྒོ་ནས་རང་གིས་རང་ལ་རང་ཉིད་ཆོས་པ་ཡིན་པ་བདེན་ན་ཆོས་ལ་འབད་རིགས་པར་སྒྲུབ་པ་འདི་ནི། མེ་སྤྲེལ་ལོའི་ས་ཀ་ཟླ་བའི་ཚེས་བཅུའི་ཉིན་བཛྲ་ཚུལ་ཁྲིམས་རྒྱ་མཚོས་ཐོལ་བྱུང་དུ་བྲིས་པའོ། །
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།
|