བྱམས་ལྡན་ཨ་མ་དྲན་པའི་སྐྱོ་གླུ་སྙིང་གི་རྦ་རླབས།
ཨ་མའི་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།

རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་རྒྱལ་བའི་ཡུམ། །
ཨ་མ་རྗེ་བཙུན་སྒྲོལ་མར་གསོལ་འདེབས་ན། །
དྲིན་ལྡན་མ་ལོའི་དྲིན་ལན་བཟོ་བའི་ཕྱིར། །
བུ་ངའི་བསྟན་འགྲོའི་དོན་ཆེན་འགྲུབ་པར་མཛོད། །
གང་དང་གང་ཚེ་ཅི་དང་ཅི་བསྒྲུབ་ཀྱང་། །
གལ་ཏེ་རང་སེམས་ཕྲ་མོ་ནང་བཀུག་ན། །
དྲིན་ཅན་ཨ་མའི་དྲིན་ལན་དྲན་འཛིན་དུ། །
ཤར་བའི་མོད་ལ་དྲན་གདུང་རྦ་རླབས་གཡོ། །
ལུས་ཀྱི་སྤྱོད་ལམ་བཟའ་བཏུང་རོལ་ཚུལ་སོགས། །
ཐམས་ཅད་བུ་ཡི་ཕན་བདེ་གཙོར་བཟུང་སྟེ། །
ཟླ་དགུ་ཞག་བཅུ་མངལ་ནས་ལེགས་བསྐྱངས་པས། །
མ་ཁྱོད་དང་བོར་དྲིན་ཆེ་སྙིང་ནས་དྲན། །
བཙའ་བའི་དུས་སུའང་མ་ཁྱོད་ཤ་རུས་ཀུན། །
འཐོར་སོང་སྙམ་པའི་མི་བཟད་ན་ཟུག་གིས། །
ཀུན་ནས་མནར་ཡང་བུ་ལ་བརྩེ་སེམས་ཀྱིས། །
སྤྲོ་དགའི་འཛུམ་ཞལ་མ་ཉམས་མ་ཁྱོད་དྲན། །
དེ་ནས་ཉམ་ཐག་སྤུ་སེར་ཟེང་ངེ་ཞིག །
ཤ་ཡི་དྲོད་ལ་བཅར་ཞིང་སོར་བཅུའི་རྩེར། །
གཡེངས་ཞིང་ནུ་ཞོས་གསོས་ཏེ་མི་གཙང་ཀུན། །
ཁ་དང་ལག་པས་ཕྱེས་པའི་མ་ཁྱོད་དྲན། །
ཚ་གྲང་བཀྲེས་སྐོམ་བྱུང་ཚེ་ངུ་ཙམ་ལས། །
རང་དོན་ཅི་ཡང་མི་ནུས་ཨ་མ་ཡི། །
བྱམས་བརྩེ་མེད་ན་བུ་ང་ཇི་ལྟར་གསོན། །
དྲིན་ལྡན་མ་ལོའི་དྲིན་ལན་སྙིང་ནས་དྲན། །
བཀྲེས་དང་སྐོམ་པའི་དུས་སུ་བཟའ་བཏུང་དང་། །
འཁྱགས་ཚེ་གོས་དང་ཕོངས་དུས་གཅེས་པའི་ནོར། །
ཡོད་རྒུ་ཕངས་མེད་གཏོང་བའི་ཨ་མའི་དྲིན། །
དྲན་ན་དེང་ཡང་སྐྱོ་བའི་རྦ་རླབས་འཕྱུར། །
སྡིག་སྡུག་གཏམ་ངན་བསྲེས་ཀྱིན་འབད་པའི་ནོར། །
བུ་དང་བུ་མོར་འཕྲོད་ན་སྙིང་ནས་དགའ། །
བཟོད་དཀའི་ན་བ་འཇིགས་པའི་འཆི་བ་སོགས། །
བུ་ལས་རང་ལ་བྱུང་ན་སྙིང་ནས་དགའ། །
ངག་གི་སྨྲ་བརྗོད་གོམ་པའི་འགྲོ་སྟངས་དང་། །
གྲོགས་དང་འགྲོགས་ལུགས་དགྲ་ལ་ཟོན་ལུགས་སོགས། །
འཇིག་རྟེན་མི་ཆོས་རང་གིས་གང་ཤེས་རྣམས། །
བསླབ་པས་ཐ་མར་དྲིན་ཆེ་དྲིན་ལན་དྲན། །
གཡོན་ཐལ་ཆེ་བའི་རིག་གསར་འཐོར་རླུང་གིས། །
གངས་དཀར་འཛིན་མ་ཀུན་ནས་འདར་ཚེ་ཡང་། །
བྱམས་བརྩེ་བཀྲག་མདངས་བཀྲ་བའི་ཀེེེེ་ལ་ཤ། །
མི་འགྱུར་བརྗིད་ཀྱིས་བུ་ལ་བརྟན་པ་བྱིན། །
རང་ཉིད་འབྱུང་བཞི་འཁྲུགས་པའི་ན་ཚ་ཡིས། །
ཇི་ལྟར་གདུང་ཡང་གཞན་ལ་ཕན་པའི་སེམས། །
མི་ལྷོད་དམ་པ་ཆོས་ཀྱི་བྱིན་རླབས་བཅུད། །
སྙིང་ལ་སིམ་པས་བུ་ལའང་སྙིང་སྟོབས་བྱིན། །
དེ་ཕྱིར་གཉེན་ཉེ་འཛོམས་དུས་མ་ཁྱོད་དྲན། །
ཆོས་ཀྱི་དགའ་སྟོན་མྱོང་ཚེ་མ་ཁྱོད་དྲན། །
དགའ་སྐྱོའི་འདེགས་འཇོག་བསྒྱུར་དུས་མ་ཁྱོད་དྲན། །
མདོར་ན་སྙིང་གི་གཏིང་ནས་མ་ཁྱོད་དྲན། །
དེ་ཕྱིར་མ་ཁྱོད་དྲན་པའི་གདུང་བ་འདི། །
འཇིགས་བྲལ་སྙིང་སྟོབས་གོ་ཆར་ལེགས་བསྒྱུར་ནས། །
བསྟན་འགྲོའི་དོན་ཆེན་བསྒྲུབ་པའི་འདུན་མ་གང་། །
མི་འགྱུར་སེམས་བསྐྱེད་མ་ལ་སྐྱེས་སུ་འབུལ། །
ང་ལ་དགའ་ཞིང་བརྩེ་བའི་གཉེན་གྲོགས་ཀུན། །
མ་ལ་དགའ་ཞིང་དྲིན་ལན་འཇལ་འདོད་ན། །
ཁྲེལ་དང་ངོ་ཚ་ལྡན་པའི་ཡ་རབས་ཀྱི། །
མི་གཤིས་སྲུངས་དང་དྲིན་ལན་དེ་ཉིད་ཡིན། །
ཞེས་བྱམས་ལྡན་ཨ་མ་དྲན་པའི་སྐྱོ་གླུ་སྙིང་གི་རྦ་རླབས་སུ་བཏགས་པ་འདི་ནི། ཤཱཀྱའི་དགེ་སློང་བཛྲ་ཚུལ་ཁྲིམས་རྒྱ་མཚོར་འབོད་པས། སྤྱི་ལོ་༢༠༡༦ལོའི་ཟླ་༥བའི་ཚེས་༨ཉིན། གཙོས་གྲོང་ཁྱེར་དུ་ཡོད་པའི་སྲིང་མོ་ཆུང་བ་སྐལ་བཟང་མཚོའི་ཁྱིམ་ནས་འཕྲལ་དུ་བྲིས་པའོ། །
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།
|