ནང་བསྟན་རྒྱུན་ཤེས།
མཛད་པ་བོ། དགེ་རྒན་ཤེས་རབ་བསྟན་དར།

༢༢༡ མི་ཤི་ན་འདྲེ་རུ་སྐྱེ་ཟེར་བ་བདེན་ནམ།
ལན། མདོ་ལས། དྲི་ཟ་ཁྱབ་བྱེད་དང་།
གནོད་སྦྱིན་སྨྲ་འདོད། དྲི་ཟ་འཆི་ཁའི་སེམས་ཉེ་བར་འཇུག་པ་རྣམས་ཀྱིས་ཟས་འཚོལ་བའི་ཕྱིར་ཚེ་འདས་ཀྱི་གཟུགས་ཇི་ལྟ་བུར་སྤྲུལ་ནས་དེའི་ཉེ་འབྲེལ་རྣམས་བསླུ་བར་གསུངས་པས་ད་ལྟ་གཤིན་པོའི་དབྱིབས་བྱད་ཅན་མངོན་སུམ་དུ་མཐོང་བ་དང་།
མིའི་ཁོག་ཏུ་བརླམས་ནས་དན་རྟགས་མང་བོ་སྨྲ་བ་ལྟ་བུ་ཕལ་ཆེར་མི་མ་ཡིན་དག་གཤིན་པོར་བརྫུན་ནས་བསླུ་བྲིད་རྩོམ་པ་ཡིན།
༢༢༢ མི་ཤི་དུས་ཁྲུས་ཆོག་བསྐུར་བ་དེ་ཅི་ཡིན།
ལན། དེ་ལ་དགོས་པ་གཉིས་ཡོད་དེ་གསོན་དུས་མི་ཡི་ལུས་དང་སྲོག་ལ་གནོད་པ་བྱེད་ཅིང་ཤི་དུས་ཚེ་ལས་འདས་པའི་མཐོ་རིས་དང་ཐར་བ་ལ་བར་དུ་གཅོད་ཅིང་ཚེ་ལས་འདས་པ་དེ་ཉིད་ཀྱི་ཆ་བྱད་བཟུང་ནས་འཇིག་རྟེན་པ་རྣམས་ལ་བསླུ་བའི་འབྱུང་བོ་མི་མ་ཡིན་དག་དགར་བའི་ཆེད་དང་ཚེ་ལས་འདས་པ་དེ་ཉིད་ཀྱི་སྡིག་དང་སྒྲིབ་པ་ཐམས་ཅད་སྦྱངས་པ་དྲུག་གི་སྒོ་ནས་སྦྱངས་ཏེ་བདེ་འགྲོ་ལམ་བཟང་སྙེག་པའི་ཆེད་དུ་ཡིན་ནོ།
།
༢༢༣ མི་ཤི་ཚེ་དགེ་བ་བསྒྲུབ་ན་གཤིན་པོ་ལ་ཕན་ནམ།
ལན། མི་ཤི་ནས་བར་དོ་སྐྱེས་ན་འཇིག་རྟེན་པས་དེའི་ཆེད་དུ་དགེ་བ་སྟོབས་ཆེན་བསྒྲུབ་ན་མི་དགེ་བའི་དབང་གིས་ངན་སོང་དུ་སྐྱེ་འོང་བ་ཞིག་ཡིན་ནའང་དགེ་བ་དེའི་སྟོབས་ཀྱིས་དགེ་བའི་ལས་དག་ལ་གསོས་བཏབ་ནས་བདེ་འགྲོར་སྐྱེས་པས་ཕན་ཡོན་ཤིན་ཏུ་ཆེའོ། །
༢༢༤ མི་ཤི་ཚེ་ཞག་བདུན་ནམ་ཞག་ཞེ་དགུ་ལ་དགེ་བ་བྱེད་པའི་རྒྱུ་མཚན་གང་ཡིན།
ལན། བར་དོའི་ཚེ་ཚད་ཞག་བདུན་ཡིན་ལ་དེ་ནས་སྐྱེ་བ་མ་ལོན་ཚེ་འཆི་ཆུང་རེ་བྱས་ཏེ་བར་དོའི་ལུས་གྲུབ་ལ་རིང་མཐའ་ཡང་བདུན་བདུན་བཞི་བཅུ་ཞེ་དགུ་ལས་མི་སྡོད་པས་དེའི་རིང་ལ་དགེ་བ་བསྒྲུབ་ན་སྟོབས་ཤིན་ཏུ་ཆེའོ། །
༢༢༥ དེང་སང་མི་ཤི་ཚེ་དུད་འགྲོ་བསད་དེ་དགེ་བ་སྒྲུབ་པ་དེ་བཟང་ངམ།
ལན། དེ་ནི་ལྷར་སྐྱེ་ངེས་ཤིག་ཡིན་ནའང་མི་དགེ་བ་དག་གིས་གྲོགས་བྱས་ཏེ་ངན་འགྲོར་སྐྱུར་བར་བྱེད་པས་ཉེན་ཁ་ཤིན་ཏུ་ཆེའོ། །
༢༢༦ མི་ཤི་ན་དུར་དུ་ཇི་ལྟར་གདབ་དགོས།
ལན། ད་ལྟ་བོད་དུ་ས་དུར་དང་།
ཆུ་དུར། རླུང་དུར། མེ་དུར་ཞེས་འདེབས་ཚུལ་བཞི་ཡོད་དེ། ཆུ་དུར་ནི་བེམ་པོ་ཆུར་འཕངས་ནས་ཤ་ཁྲག་ཉ་སྲམ་སོགས་ལ་སྦྱིན་པ་བཏང་བ་ཡིན་ལ་རླུང་དུར་ནི་རོ་བྱར་གཡེང་ནས་ཤ་ཁྲག་བྱ་ལ་སྦྱིན་པ་བཏང་བ་ཡིན་ལ་དེ་གཉིས་ནི་སྦྱིན་པར་གཏོགས་པས་དགེ་བ་ཆེ་ལ་མེ་དུར་ནི་ཚེ་འདས་ཀྱི་ཕུང་བོ་ལྔས་རྒྱལ་བ་རིགས་ལྔ་མཆོད་པའི་སླད་དུ་མེ་ལ་ཕུལ་བ་ཡིན་པས་བར་བ་གཉིས་ནི་སྦྱིན་པར་འགྲོ་ལ་ཕྱི་མ་མཆོད་པར་འགྲོའོ། །
༢༢༧ རོ་མེར་བསྲེགས་ན་མེ་དུར་གྱི་གོ་ཆོད་དམ།
ལན། མི་ཆོད་དེ་གསང་སྔགས་ཀྱི་ཆོ་ག་ལྟར་མ་བསྒྲུབ་ན་ཕན་པ་ལས་ཉེས་པ་ཆེའོ། །
༢༢༨ འོ་ན་གསང་སྔགས་ཀྱི་ཆོ་ག་ལྟར་བྱས་ན་ཁྱིམ་པ་ཕོ་མོ་མེར་བསྲེགས་རུང་ངམ།
ལན། རུང་སྟེ་གསང་སྔགས་ཀྱི་ཆོ་ག་ལྟར་བསྲེགས་ན་དེའི་དུ་བ་ཕོག་པའི་བྱ་དང་རི་དྭགས།
ཐལ་བ་ཆུར་འཕོས་ན་ཆུ་དེ་འཐུང་བའི་སེམས་ཅན་ཡོད་ཚད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་ལ་ཚེ་འདས་དེས་ཀྱང་རང་གི་དབང་བོ་ལྔས་མཆོད་པ་བྱས་པའི་སྟོབས་ལ་བརྟེན་ནས་བདེ་འགྲོར་སྐྱེ་བར་གསུངས་སོ། །
༢༢༩ སྦྱིན་སྲེག་བྱས་པའི་རུས་ཐལ་ཇི་ལྟར་བྱ་དགོས།
ལན།
མི་འཁྲུགས་པའི་སྒོ་ནས་རུས་ཆོག་བྱས་ནས་ཆུ་དང་རླུང་ལ་གཏོར་ནའང་ཆོག་ལ་འདམ་དུ་བསྲེས་ནས་མི་འཁྲུགས་པའི་སྐུ་དཔར་ན་སྡིག་སྒྲིབ་སྦྱོང་བའི་ཐབས་བླ་ན་མེད་པ་ཡིན་གསུངས།
༢༣༠ དེང་སང་དུར་ས་སོགས་སུ་ཟས་མཆོད་བྱེད་པ་དེ་གཤིན་པོ་ལ་ཐོབ་བམ།
ལན། དེ་ལ་དགོས་པ་མེད་དེ་དེས་གཤིན་པོ་ལ་ཅི་ཡང་མི་ཕན་པར་འཆི་བ་ཇི་ལྟར་འགྱུར་བའི་མདོ་ལས་གསུངས།
༢༣༡ མི་ཤི་ནས་རྣམ་ཤེས་གཞན་དུ་སྐྱེས་པ་ལ་ཆོས་བཅོས་ན་ཕན་པ་ཡོད་དམ།
ལན། ཡོད་དེ། རྡུལ་ཚོན་དཀྱིལ་འཁོར་བྲིས་ནས་གཤིན་པོ་ལ་གསོན་པོ་བཞིན་དུ་དབང་དུ་བསྐུར་ན་ངན་སོང་གསུམ་གང་དུ་སྐྱེས་ནའང་དེའི་སྟོབས་ཀྱིས་གནས་དེ་ཉིད་ལས་ཐར་བར་འགྱུར་རོ། །
༢༣༢ ཚྭ་གསུར་ཕུལ་ན་བར་དོ་བར་ཕན་པ་ཡོད་དམ།
ལན། བར་དོ་ནི་དྲི་ཟ་བའི་རིགས་ཡིན་པས་ཚྭ་གསུར་ཕུལ་ན་དེ་ལ་དྲི་ཡིས་ཤིན་ཏུ་ཕན་ནོ། །
༢༣༣ ཚྭ་གསུར་འབུལ་བའི་སྣོད་ལ་ཁྱད་པར་ཡོད་དམ།
ལན། ཡོད་དེ། ཟངས་ལྕགས་ལ་སོགས་མི་བཟང་བར་ས་དམའ་སར་ཕུལ་ན་བཟང་གསུངས།
|