མདོ་སྨད་རྭ་རྒྱ་དགོན་དང་ཨ་མྱེས་ཁྱུང་མགོན་རི་ལ་དད་པའི་ལྷ་ཕྱག་ཕུལ་བ།

སྤྱི་ལོ་2016ལོའི་ཟླ4པའི་ཚེས7ཉིན་མདོ་སྨད་རྭ་རྒྱ་དགོན་པའི་མདུན་ཐང་དུ་དད་ལྡན་སྟོང་ཕྲག་དུ་མ་ལྷན་གཅིག་ཏུ་འཛོམས་ནས་ལྷ་བསང་བཏང་སྟེ་ཆོས་སྐྱོང་སྲུང་མའི་ཚོགས་ལ་འཕྲིན་བཅོལ་ལེགས་པར་བྱས་རྗེས། དམངས་ཁྲོད་དུ་རྩ་འཛུགས་བྱས་པའི་ཀུན་མཐུན་ཚོགས་པའི་ཚོགས་མི་སོ་དྲུག་གི་སྣེ་ཁྲིད་འོག་ས་གནས་དེ་གའི་དད་ལྡན་མང་ཚོགས་སུམ་སྟོང་ལྷག་གིས་ཐེངས་འདིར་ཨ་རིག་དགེ་བཤེས་ཆེན་མོའི་གདན་ས་མདོ་སྨད་ཨ་རིག་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་གནས་རི་ཨ་མྱེ་ཁྱུང་མགོན་ལ་ལྷ་ཕྱག་ཕུལ་ཏེ་མཆོད་འབུལ་བྱས་ཤིང་། ཕྱག་སྐོར་བ་རྣམས་རེས་མོས་ཀྱིས་དགོན་པའི་མདུན་ཐང་ནས་འགོ་བརྩམས་ཏེ་གཡས་བསྐོར་གྱི་ཚུལ་དུ་རྒྱབ་རིའི་རི་རྩེ་བརྒྱུད་བསྐོར་ཕྱག་བྱས་པ་རེད་ལ། ཐེངས་འདིར་སྤྱི་བསྡོམས་བྱས་པའི་ཕྱག་གི་གྲངས་ཀ་ནི་འབུམ་གཅིག་ལྷག་དང་། འགྲུབ་ཚོད་ལྔ། སྐོར་བ་སུམ་སྟོང་གསུམ་བཅས་བདེ་ལེགས་ངང་གྲུབ་ཟིན་པའི་དགེ་རྩ་འདིས་མཐུ་ལ་བརྟེན་ནས་བདག་སོགས་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་ཅེས་དགེ་བ་རྫོགས་ཞིང་དུ་བསྔོས་པའོ།།

ཆོས་སྐྱོང་སྲུང་མར་ལྷ་བསང་བཏང་སྟེ་སྐོར་ཕྱག་འབུལ་འགོ་བརྩམས་པ།

ལམ་བར་གྱི་བདེ་འཇགས་སོགས་ལ་གཟབ་དགོས་པའི་སྐོར་གྱི་བཀའ་སློབ་ལ་ཉན་བཞིན་པ།

ས་ཆེན་ཕྱག་གིས་གཞལ་བའི་ལམ་བར།

རེ་བ་དང་སྨོན་འདུན་ཀློང་གི་དད་སྟོབས།

ཕྱག་བསྐོར་མཇུག་སྒྲིལ་རྗེས་ཕ་ཡུལ་དུ་ཆས་བཞིན་པ།

ཀུན་མཐུན་ཚོགས་པའི་ཚོགས་མིའི་མཉམ་པར།
ཞེས་ཀུན་མཐུན་ཚོགས་པ་ནས། ༢༠༡༦.༤.༧ཉིན།
གསར་འགྱུར་མཁོ་སྤྲོད་པ། སྐབས་ལྔ་བའིི་མཐར་ཕྱིན་སློབ་མ་རྭ་རྒྱ་དཀོན་མཆོག་བཟང་བོ།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།
|