
འཇིག་རྟེན་སྨོན་པའི་རྒྱན་གསུམ།
བཛྲ་ཚུལ་ཁྲིམས་རྒྱ་མཚོ།
རང་སྐྱོན་ཅི་བྱུང་རང་གིས་ཁས་ལེན་གཅིག།།
འགལ་རྐྱེན་གང་བྱུང་རང་གིས་གདོང་ལེན་གཉིས།།
རླབས་ཆེན་འགྲོ་དོན་རང་གིས་དང་ལེན་གསུམ།།
དཀའ་ཡང་འབད་ན་ཆེན་པོའི་རྒྱན་གསུམ་ཡིན།།
ནོར་ལ་མི་རྔམ་ཆོག་ཤེས་བསྟེན་དང་གཅིག།
ཡང་དག་འབད་པས་ཐོབ་ལ་དགའ་དང་གཉིས།།
གཞན་དོན་བསྒྲུབ་ལ་མོས་པ་ལྡན་དང་གསུམ།།
མི་ཚེར་འོད་སྣང་འབྱིན་པའི་མཆོག་གསུམ་ཡིན།།
ཕན་ཚུན་བར་ལ་སེམས་ནས་མཐུན་དང་གཅིག།
དགེ་བའི་ལས་ལ་སྙིང་ནས་དགའ་དང་གཉིས།།
ཅི་ཞིག་བསྒྲུབ་ནའང་ལྷག་བསམ་གཙང་དང་གསུམ།།
ཚོགས་ཀྱི་འཁོར་ལོ་འཕེལ་བའི་རྒྱུ་གསུམ་ཡིན།།
ཟས་ནོར་ལོངས་སྤྱོད་གཡང་དུ་འཁྱིལ་དང་གཅིག།
ལུས་སེམས་དགའ་བདེ་བདུད་རྩིས་སྣུམ་དང་གཉིས།།
གཉེན་དང་ཉེ་དུ་དུང་བས་ཕྱུག་དང་གསུམ།།
འཇིག་རྟེན་སྨོན་པ་འཆོར་བའི་སྐྱིད་གསུམ་ཡིན།།
རྩོམ་ཡིག་མཁོ་སྤྲོད་པ། གྱི་ལིང་འཇིགས་མེད།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|