
སྒྱུ་རྩལ་སེམས་ཁམས་དང་རིག་གནས་འདུ་ཤེས།
གྱི་ལིང་འཇིགས་མེད།
སྒྱུ་རྩལ་སེམས་ཁམས་དང་མི་རིགས་ཀྱི་རིག་གནས་འདུ་ཤེས་གཉིས་ནི་འབྲལ་མི་རུང་གི་འབྲེལ་བ་ཅན་ཞིག་ཡིན། འོན་ཀྱང་ད་ལྟ་ང་ཚོའི་གཞོན་སྐྱེས་མང་བོར་མི་རིགས་ཀྱི་རིག་གནས་འདུ་ཤེས་ཅི་ཡང་མེད་པའམ་ཅུང་ཟད་ཡོད་ཀྱང་ཧ་ཅང་ཞན་པའི་རྒྱུ་མཚན་གྱིས། སྒྱུ་རྩལ་སེམས་ཁམས་ཀྱི་ངོས་ནས་རང་ཚུགས་རྩ་བ་ནས་ཤོར་འདུག
དཔེར་ན་ཇུས་འགོད་རིག་གནས་ཀྱི་ངོས་ནས་བཤད་ན། གྱོན་ཆས་ཇུས་འགོད་ཡིན་ནའང་འདྲ་ལ། འཛུགས་སྐྲུན་ཇུས་འགོད་ཡིན་ནའང་ཆོག ཐམས་ཅད་ནུབ་ཀྱི་རིག་གནས་ཀྱིས་དབང་སྒྱུར་ཚར་ཡོད། ཁོ་ཚོས་སྙེག་བཞིན་པ་ནི་ངོ་མཚར་བ་དང་འབུར་དུ་ཐོན་པ་སོགས་ཚོར་བ་གསར་བ་འབའ་ཞིག་ཡིན་གྱི།
མཛེས་ཤིང་སྡུག་པ་དང་ཡིད་དུ་འོང་བ། ལུགས་དང་མཐུན་པ་ཞིག་མིན། དེ་ཡང་ཤར་ནུབ་རིག་གནས་འདུ་ཤེས་ལས་སྒྱུ་རྩལ་སེམས་ཁམས་ཀྱི་ངོས་ནས་གཤིབ་བསྡུར་སྟབས་བདེ་ཞིག་བྱས་ན། ཤར་ཕྱོགས་པས་སྙེག་བཞིན་པ་ནི་མཛེས་སྡུག་དང་བབ་ཆགས། ཡིད་འོང་བཅས་ཡིན་ལ། ནུབ་ཕྱོགས་པས་སྙེག་བཞིན་པ་ནི་ཁྱད་མཚར་དང་ཐོད་བརྒལ། གསར་བཏོད་བཅས་རེད།
ད་ལྟ་ང་ཚོའི་ན་གཞོན་མང་བོ་ཞིག་གིས་ལྭ་བ་ཞིག་གྱོན་ནའང་ཁྱད་མཚར་བོ་དང་ཡང་ན་གསར་བ་ཞིག་འདེམས་པ་ལས། མཛེས་ལ་དང་བབ་ཆགས་པ་དེ་འདེམས་མི་འདོད། འདི་ནི་སྒྱུ་རྩལ་སེམས་ཁམས་སམ། མཛེས་དཔྱོད་ཀྱི་འདུ་ཤེས་ལ་གཞི་རྩའི་སྟེང་ནས་ཕམ་ཉེས་བྱུང་བའི་ནད་རྟགས་ཤིག་ཡིན།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|