མིའི་རིགས་ཀྱི་ལོ་རྒྱུས་ལས་རྡོ་ཆས་དུས་རབས་གསར་རྙིང་གི་དབྱེ་མཚམས་དང་ངོ་བོའི་སྐོར།

སྤྱིར་བཏང་གི་རྡོ་ཆས་དུས་རབས་ཞེས་པ་ནི་ལོ་ངོ་ས་ཡ་གཉིས་དང་འབུམ་ལྔ་(2500000)ནས་སྤྱི་ལོ་སྔོན་གྱི་ལོ་སུམ་སྟོང་བར་ལ་ཟེར་ཞིང་། གནའ་རྫས་རྟོག་ཞིབ་པས་མིའི་རིགས་ཀྱིས་ལྕགས་རིགས་བཞུ་བའི་ལག་རྩལ་བྱང་ཆུབ་མེད་པའི་སྔ་རོལ་གྱི་ཤིན་ཏུ་ཡུན་རིང་བའི་དུས་རིམ་ལ་ངོས་འཛིན་ཞིང་། དུས་སྐབས་འདིར་མིའི་རིགས་ཀྱིས་རྡོ་ལས་བཟོས་པའི་ལག་ཆ་དེ་ལག་ཆ་གཞན་པ་ལས་མང་བ་བཀོལ་སྤྱོད་བྱས་པས་རྡོ་ཆས་དུས་རབས་ཞེས་འབོད་ལ། འདི་ལ་རྡོ་ཆས་དུས་རབས་རྙིང་པ་དང་། རྡོ་ཆས་དུས་བར་མ། རྡོ་ཆས་དུས་རབས་གསར་མ་བཅས་གསུམ་དུ་དབྱེ་ཡོད།
རྡོ་ཆས་དུས་རབས་རྙིང་པ།
རྡོ་ཆས་དུས་རབས་རྙིང་པ་ནི་གནའ་རྫས་རིག་པའི་ངོས་ནས་རྡོ་བཅག་པ་ལས་བཟོས་པའི་རྡོ་ཆས་ཚད་གཞིར་བཟུང་བའི་མིའི་རིགས་ཀྱི་ཤེས་ཡོན་འཕེལ་བའི་གོ་རིམ་ལ་ཟེར་ལ།
སྤྱིར་བཏང་དུ་ལོ་ངོ་ས་ཡ་གཉིས་དང་འབུམ་ལྔ་(2500000)ནས་ལོ་ངོ་ཁྲི་གཅིག་གི་སྔོན་ལ་ངོས་འཛིན། དེ་ལའང་ནང་གསེས་སུ་ཐོག་མའི་རྡོ་ཆས་དུས་རབས་རྙིང་པ་དང་། བར་མའི་རྡོ་ཆས་དུས་རབས་རྙིང་པ། མཐའ་མའི་རྡོ་ཆས་དུས་རབས་རྙིང་པ་བཅས་སུ་ཡོད། ཐོག་མའི་རྡོ་ཆས་དུས་རབས་རྙིང་པ་ནི་ལོ་ངོ་ས་ཡ་གཉིས་དང་འབུམ་ལྔ་(2500000)ནས་ལོ་ངོ་ཁྲི་བཅུ་ཡི་སྔོན་གྱི་བར་ལ་ངོས་འཛིན་ཞིང་།
འདིའི་སྐབས་སུ་མིའི་རིགས་སྤྲ་ནས་སྤྲ་མི་རུ་གྱུར་ཏེ་ཀེར་ལངས་མི་(直立人)ཞེས་འབོད་ལ། ཁྱད་ཆོས་གཙོ་བོ་རྡོ་བཅག་པ་ལས་བཟོས་པའི་རྡོ་ཆས་སྤྱོད་ཅིང་མེ་བཀོལ་ཤེས་ལ། ཀླད་པའི་ཤོང་ཚད་脑容量དེང་དུས་ཀྱི་མིའི་ཀླད་པའི་ཤོང་ཚད་ཀྱི་བརྒྱ་ཆའི་བདུན་བཅུ་དོན་ལྔ་ཡིན།
བར་མའི་རྡོ་ཆས་དུས་རབས་རྙིང་པ་ལོ་ངོ་ཁྲི་བཅུ་ནས་ཁྲི་ལྔ་ཡི་སྔོན་གྱི་བར་ལ་ངོས་འཛིན་ཞིང་ཀེར ་ལངས་མི་ (直立人)ནས་དུས་ཐོག་མའི་ཤེས་མི་ (早期 智人)ལ་འགྱུར་ཡོད་ཅིང་འདི་ལ་གནའ་མི་ཞེས་ཀྱང་འབོད། ཀླད་པའི་ཤོང་ཚད་ནི་དེང་མི་དང་ཕལ་ཆེར་འདྲའོ།། ཁྱད་ཆོས་གཙོ་བོ་ནི་རྡོ་བཅག་པ་ལས་བཟོས་པའི་རྡོ་ཆས་ལག་རྩལ་མཐོ་རུ་ཕྱིན་ཡོད་ལ། རྡོ་ཆས་ཀྱི་དབྱིབས་ཅུང་ཆ་འགྲིག་པོར་ཆགས་འདུག་མ་ཟད་རྣམ་པ་ཇེ་མང་དུ་སོང་ཡོད་ལ་དབྱིབས་ལ་གཏན་ཁེལ་མཆིས། མཐའ་མའི་རྡོ་ཆས་དུས་རབས་རྙིང་པ་(50000--15000)ལོ་ངོ་ཁྲི་ལྔ་ནས་ཁྲི་གཅིག་དང་ལྔ་སྟོང་གི་སྔོན་གྱི་བར་ལ་ངོས་འཛིན་ཞིང་། རིགས་རྒྱུད་ཀྱི་ངོས་ནས་མཐའ་མའི་ཤེས་མི་(晚期 智人)ཡིན་ཞིང་འདི་ལ་འཛམ་བུ་གླིང་དུ་རིགས་རྒྱུད་གསུམ་གྱིས་བཀར་ཡོད་དེ། སོག་པོའི་རིགས་རྒྱུད་དང་། ཉེ་ཀུ་ལོའོ་མིའི་རིགས་རྒྱུད། འོ་ལོའོ་པྰ་མིའི་རིགས་རྒྱུད་བཅས་སོ།། དུས་སྐབས་འདིར་མ་རྒྱུད་སྤྱི་ཚོགས་(母系社会)ཆགས་ཡོད། ཁྱད་ཆོས་གཙོ་བོ་ནི་རྡོ་ཆས་ཕྲ་མོའི་རིགས་དང་། རུས་ཆས་དང་རྭ་ཆས་ལག་རྩལ་དར་ཡོད་ཅིང་། རྒྱན་ཆའི་རིགས་ཀྱང་གསར་དུ་དར་འགོ་ཚུགས།
རྡོ་ཆས་དུས་རབས་བར་མ།

རྡོ་ཆས་དུས་རབས་བར་མ་ནི་(15000--10000)རྡོ་ཆས་དུས་རབས་རྙིང་མ་དེ་རྡོ་ཆས་དུས་རབས་གསར་མར་ཕྱོགས་པའི་བར་སྐབས་དེ་ལ་ཟེར་ཞིང་ལོ་ངོ་ཁྲི་གཅིག་དང་ལྔ་སྟོང་ནས་ལོ་ངོ་ཁྲི་གཅིག་གི་སྔོན་གྱི་བར་དེ་ངོས་འཛིན་ཞིང་། དུས་སྐབས་འདིར་སའི་གོ་ལའི་ཆེས་མཐའ་མཇུག་གི་འཁྱག་རིམ་མཇུག་རྫོགས་ཏེ་གོ་ལ་ཡོངས་རིམ་གྱིས་ཇེ་དྲོད་ལ་སོང་བས་ཐོན་སྐྱེད་ལག་ཆའང་འཕོ་འགྱུར་བྱུང་འདུག་ལ། དཔེར་ན་དུས་སྐབས་འདིར་ལག་ཆ་ཆུང་བའི་རིགས་དང་ཉ་འཛིན་བྱེད། རྡོ་ཡི་སྟ་རེ། གདུང་གྲུ་སོགས་དར་ཡོད་དོ། །
རྡོ་ཆས་དུས་རབས་གསར་མ།

རྡོ་ཆས་དུས་རབས་གསར་མ་ནི་གནའ་རྫས་རིག་པས་ངོས་ནས་རྡོ་ཆས་དུས་རབས་ཀྱི་ཆེས་མཐའ་མཇུག་གི་དུས་སྐབས་ལ་ངོས་འཛིན་པར་ཡོད་ལ་གཙོ་བོ་རྡོ་རྡར་ནས་བཟོས་པའི་རྡོ་ཆས་དུས་སྐབས་སུ་གོ་ལ། སྤྱི་ལོ་སྔོན་གྱི་ལོ་ཁྲི་གཅིག་ནས་སྤྱི་ལོ་སྔོན་གྱི་ལོ་སུམ་སྟོང་ལྔ་བརྒྱའི་བར་ལ་ངོས་འཛིན། དུས་སྐབས་འདི་ལ་མིའི་རིགས་ཀྱིས་ས་བོན་བཏབས་ནས་ཞིང་ལས་གསར་གཏོད་བྱས་པ་དང་། རི་དྭགས་བཏུལ་ནས་སྒོ་ཕྱུགས་སུ་གྱུར་ཏེ་ཕྱུགས་ལས་གཉེར་ཤེས་པ། རྫ་ཆས་ལས་བཟོ་ཤེས་པས་སྣོད་ཆས་ཀྱི་འདུ་ཤེས་ཡོད་ཅིང་། སྔོན་ཆད་རྔོན་ལས་གཙོ་བོ་གཉེར་བའི་འཚོ་བའི་གོམ་སྲོལ་དེ་གཞི་ཆགས་འཚོ་བར་འགྱུར་ནས་ཐོག་མའི་ཚོ་སྡེ་དང་ཁང་པ་བྱུང་མ་ཟད་མ་རྒྱུད་སྤྱི་ཚོགས་དར་རྒྱས་ཆེས་ཆེ་བའི་དུས་སྐབས་ལ་སླེབས་ཡོད་ཅིང་།

རྨང་གཞི་འདིའི་སྟེང་དུ་མིའི་རིགས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་ནས་ཤེས་རིག་དར་བའི་འགོ་ཡང་ཚུགས་སོ།།
རྩོམ་པ་བོ་དང་རྩོམ་ཡིག་མཁོ་སྤྲོད་པ། སྤྲེལ་ཉི་མ་རྒྱལ་མཚན།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།
|