
སྐྱབས་མགོན་ཨ་རིག་དགེ་བཤེས་ཆེན་མོས་ཤིང་བཟའ་པཎྜི་ཏ་ལ་བསྐུར་བའི་ཕྱག་བྲིས་སུ་བཀོད་པའི་བསླབ་བྱ།
ཨ་རིག་དགེ་བཤེས་ཆེན་མོ།
ཁྱི་ལོའི་དབྱར་ཐོག་ཨ་རིག་དགེ་བཤེས་རིན་པོ་ཆེ་ནས་རྗེ་འདི་ཉིད་མདོ་སྨད་དུ་གདན་འདྲེན་ཞུ་རྩིས་ཀྱིས་ཕྱག་མཛོད་བསོད་ནམས་ཆེད་མངགས་ཀྱིས་བརྫངས་ཏེ། རྒྱལ་བ་རིན་པོ་ཆེར་འབུལ་བ་དང་། ཕུར་བུ་ལྕོག་སྤྲུལ་བའི་སྐུ་རིན་པོ་ཆེར་མཚམས་ཞུས་ཀྱི་ཡི་གེ་རྟེན་བཅས། སེར་བྱེས་གྲྭ་ཚང་དུ་གྲྭ་བ་དཔེ་ཆ་བའི་ཁྲོད་ན་རྩ་འཇུག་གི་ཊིཀྐ་སོགས་གཞུང་ཆེན་མོ་རེ་བློ་ལ་བཟུང་ནས་ཚོགས་རྒྱུགས་འབུལ་མཁན་བྱུང་ན་དེ་ཚོར་རྒྱུགས་ཕོག་སྟེར་རྒྱུའི་ཐེབས་སུ་སྤྱི་འཇོག་ཏུ་དངུལ་རྡོ་ཚད་ཉི་ཤུ་དང་། རྗེ་འདི་ཉིད་ལ་མར་ལམ་ཕེབས་ཆོས་རྟ་ཁལ་སོགས་མཐུན་རྐྱེན་གང་དགོས་གནང་བའི་ཕྱག་བྲིས་བསྐུར་བའི་བརྗོད་བྱ་ལ། ཕྱག་མཛོད་ལ་བསྐུར་ཡོད་པས། རྒྱལ་བ་ཐུགས་རྗེ་ཅན་ལ་འབུལ་རྒྱུའི་དངོས་པོ་འདི་རྣམས་ཤི་གསོན་གྱི་དད་རྫས་ཆུད་མི་ཟ་བའི་ཕྱིར་དང་། བོད་ཁམས་བསྟན་འགྲོར་ཡོངས་ཀྱི་ཆོས་སྲིད་ཀྱི་ཁུར་ཆེན་པོ་དེ་རྒྱལ་བ་ཉིད་གཅིག་བུའི་སྟེང་དུ་ལྷུང་བས་དུས་འཁྲུག་སོགས་ལ་འགྲོ་དགོས་བསམ་གྱིས་མི་ཁྱབ་པ་སོང་བ་བློས་མི་བཟོད་པར་ཕྲན་བུས་འབུལ་བ་ཐོ་ཟུར་གསལ་ལྟར་བསྐུར་བ་འདི་ཕུར་ལྕོག་སྤྲུལ་བའི་སྐུ་རིན་པོ་ཆེར་ཞུ་སྣ་བཅོལ་ནས་རྒྱལ་བ་ཉིད་ཀྱི་སྤྱན་ལམ་དུ་བསྟར་ཐུབ་པ་ཞིག་མཛོད། ང་བན་རྒན་ལ་ཚེ་ཕྱི་མར་རྣམ་ཤེས་ལ་ཕན་པའི་བྱིན་རྟེན་རེ་མ་གཏོགས། ཚེ་འདིའི་དགོས་ཆ་བདག་རྐྱེན་སོགས་གཏན་ནས་ཞུ་རྩིས་མིན་ཚུལ་དང་། སེར་བྱེས་གྲྭ་ཚང་ལ་རྒྱུགས་ཕོག་ཐེབས་སུ་དངུལ་འཇོག་རྒྱུའི་སྐོར་ལ་མང་དུ་གསུངས་པའི་འགག་བསྡུར་སྤྲུལ་བའི་སྐུ་ཁྱེད་དང་། གྲྭ་ཚང་ལས་སྣེ་རྣམས་དང་། ཁམས་ཚན་རྒན་པ་བཅས་གྲོས་ཐོག་ནས་ལེགས་པོ་ཅིག་གནང་དགོས་ཚུལ་དང་། སྤྲུལ་བའི་སྐུ་ཉིད་ལ་ཁྱེད་འདི་ལོ་ཅིས་ཀྱང་ནས་རང་ཡུལ་དུ་འབྱོན་དགོས་ཚུལ་དང་། བསླབ་བྱ་ལ། ན་ནིང་ཁྱེད་ལ་ཞུ་རྒྱུ་ཞིག་ཡོད་པ་དྲན་ཀྱང་། བོད་ཀྱིས་དུས་འཁྲུག་གི་སྟབས་ཀྱིས་མི་འགྲིགས་སྙམ་ནས་འཕྲོས་པ་བཏང་བ་ཡིན།
ད་ལོ་ཁྱེད་ཀྱིས་དེ་ཀ་ནས་འགྲུལ་མི་རྣམས་དང་བཅས། རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་རྒྱལ་བོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་རྗེས་གནང་ཞིག་ཞུ་ཨེ་ཐུབ་གཟིགས་ལ། གནས་ཀྱིས་གང་ཟག་བྱིན་གྱིས་བརླབ་པའི་ཆེད་དང་། ཁྱེད་རང་སྐུ་ཚེ་རིང་ཞིང་བསྟན་འགྲོར་ཕན་པའི་འཕྲིན་ལས་རྒྱས་པ་སོགས་ཀྱི་ཐབས་སུ། སྤྲུལ་བའི་གནས་མཆོག་ཆེན་པོ་ཕ་བོང་ཁར་བསྙེན་མཚམས་རྒྱུན་རིང་བཞུགས་མི་ཐུབ་ཀྱང་། མ་མཐའ་འང་བདུན་ཕྲག་གཅིག་གི་རིང་ལ་ཡི་གེ་དྲུག་ལ་གཅིག་དྲིལ་གྱིས་བསྙེན་མཚམས་དམ་པོ་ཞིག་མཛོད་ལ་གསོལ་འདེབས་རེམ་རེམ་ཞུ་བ་དང་། དེ་མཚུངས་ཇོ་བོ་རིན་པོ་ཆེ་དང་། རྗེ་རིན་པོ་ཆེའི་དམར་གདུང་གི་མདུན་དུ་ཡང་གསོལ་བ་ནན་ཅན་འདེབས་དགོས། ལྷག་པར་དུ་རྗེ་རིནཔོ་ཆེ་མཉེས་པའི་མཆོད་པར། རང་གི་ཚེ་ཇི་སྲིད་བར་དུ་རྩ་འཇུག་གི་ཊཱིཀ་ཆེན་གཉིས་ཀའམ་མི་ནུས་ན་གང་རིགས་ཞིག་བློར་བཟུང་ནས་སྐྱོར་སྦྱངས་བྱེད་རྒྱུའི་དམ་བཅའ་འབུལ་ཐུབ་ན་རྗེ་རིན་པོ་ཆེ་ལ་དེ་ལས་ལྷག་པའི་འབུལ་བ་ཁྱེད་རང་གིས་འབུལ་རྒྱུ་མེད་པར་ང་བན་རྒན་གྱིས་ཁག་ཁྱག་གསུངས། རྒྱལ་བ་རིན་པོ་ཆེ་ལ་ཡང་དེ་མཚུངས་ཀྱི་སྒྲུབ་པའི་མཆོད་པ་ཕུལ་ནས་བསྟན་འགྲོར་སྨན་པའི་མཆོག་ཐུན་མོང་གི་དངོས་གྲུབ་ཞུ་བ་མ་གཏོགས་དུས་ཕྱིས་འདི་ཕྱོགས་ཀྱི་སྐུ་སྐྱེས་ཆེ་ཆུང་མང་པོས་བརྩེ་དུང་ང་ཚོའི་ལག་ནས་ཐེལ་ཚེ་དར་ལྕོག རྟའི་མོག་ཐོག་ཏུ་འཇུག་རྒྱུའི་གསེར་ཟངས་ཀྱི་ཏོག་སོགས་ཉོས་ནས་ཡོང་དུས། སྔར་ཡིན་ན་ཡོན་ཏན་ཁུར་ནས་ཡོང་རྒྱུའི་འཚབ་ལ་ད་ལྟ་བུ་ལོན་ཁུར་ནས་ཡོང་གིན་འདུག་པ་དེ་ཚོའི་ལད་མོ་གཏན་ནས་མ་མཛད།གལ་སྲིད་དེ་འདྲའི་ཐུགས་བཞེད་ཡོད་ན་བོད་སོག་གི་ས་ཆ་འདི་ཚོ་ན་རྒྱལ་ཁྲིམས་སོག་ཁྲིམས་གཉིས་ཀ་མི་འདུག་པས་གསེར་ལྗང་བརྡུངས་ཀྱི་གདུགས་འཛིན་མཁན་བྱུང་ཀྱང་རྩད་གཅོད་བྱེད་མཁན་མེད་གི། དེའི་མཚོན་ནས་ཡོ་བྱད་གཞན་ཡང་མར་ལམ་ཕེབས་སྐོར་གྱི་སྐུ་ཆས་ན་བཟའ་སོགས་འོག་ཐོན་ཙམ་ལས་མི་དགོས་ཏེ། འདི་མའང་ཕྲན་བུ་ལ་སྒར་ཆས་མཆོད་ཆ་ཆག་ཆོག་མང་བོ་ཡོད་པ་རྣམས་ཕལ་ཆེར་མེད་པར་བཟོས་ནས། མཁོ་ངེས་འགའ་ཞིག་ཁྱེད་ལ་བསྡོས་ཡོད་པས་དེ་ཀའི་ཆོག་གམ་སྙམ། མི་ཆོག་ན་ཡང་རྒྱ་ནག་འདོད་དགུའི་འབྱུང་གནས་ཀྱི་ཡུལ་ཁམས་འདི་ན། ངེས་འབྱུང་བྱང་སེམས། ཡང་དག་པའི་ལྟ་བ། རིམ་གཉིས་ཀྱི་གདམས་པ་རྣམས་སྔར་རྒྱ་གར་བའི་དཔེ་ལྟར་ཆོས་བྱེད་མཁན་ཚོས་གཏེར་བཞིན་སྦས་ནས་མཛད་སྟབས། ད་ལྟ་བོད་སོག་གི་ཆོས་ཉོ་ཚོང་བྱེད་རྒྱུ་འདི་འདྲ་མེད་པས་ཤིན་ཏུ་དཀོན་པ་མ་གཏོགས། འཇིག་རྟེན་པ་ཞིག་གི་ཚེ་འདིའི་དགོས་ཆས་ལ་ཉོ་རྒྱུ་མི་ལོན་པ་མི་འདུག་གསུངས།
ཡང་དེ་ཀ་ནས་སྐུ་སྨན་སྐུ་ཤིན་ཏུ་བྱིན་ཅན་དཀོར་བདག་བཙན་པོས་བདག་བཟུང་མེད་པ་རེ་རེ་ཙམ་མམ་ན་བཟའ་བྱིན་ཅན་དགོན་པའི་ནང་རྟེན་བྱས་ཆོག་པ་རེ་རེ་ཙམ་བྱུང་ན་ཁྱེར་ཤོག དཔེ་ཆ་ཡང་རྗེ་ཡབ་སྲས། བཀའ་གདམས་པ། ས་སྐྱ་བ། དྭགས་ཤིང་བཀའ་རྒྱུད། བུ་སྟོན་རིན་པོ་ཆེ། རྙིང་ལུགས་སོགས་སྐྱེས་བུ་དམ་པ་ཡིན་ངེས་ཤེས་པ་ཚོའི་གསུང་གི་རིགས་བཤད་སྲོལ་མི་མཐུན་ཀྱང་གདུལ་བྱ་བཀྲི་བའི་ཐབས་མཁས་ལ་དགོངས་པ་གཅིག་པའི་བསྟན་བཅོས་མན་ངག་གི་རིགས་དང་། ང་བན་རྒན་ལ་མཁོ་བའི་དཔེ་ཆ་འགའ་ཞིག་ཐོ་ནང་བཞིན་འབྱོར་ན་བསྣམས་ཤོག གཞན་ཡིག་ཆ་རྣམ་གྲངས་མང་བོ་དང་། རིག་གནས་སོགས་ཀྱི་དཔེ་ཆ་མི་འདྲ་བ་མང་བོ་བསྣམས་ཡོང་ཀྱང་ཁལ་རྟའི་དཀའ་ལས་མ་གཏོགས་དགོས་པ་ཆེར་མི་འདུག ན་བཟའ་ཡོ་བྱད་ཀྱང་གོང་ཆེན་བྱིན་ནས་ཉོ་བ་ཕར་ཞོག གཞན་ཚོས་ན་བཟའ་རྩ་བ་ཅན་འབུལ་མཁན་བྱུང་ན་ཡང་། དེ་ཀར་ཆོས་ཞུས་པའི་བླ་མ་རྣམས་དང་། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་ལྟ་བུ་ལ་མཆོད་ཐེབས་ཚོགས་བསགས་སུ་བཏང་ན། འདིར་བྱོན་འཕྲལ་བོད་སོག་གི་མི་གླེན་པ་ཕྱིང་པ་དང་སློག་པ་གྱོན་མཁན་ཚོའི་མིག་ལམ་དུ་མནབ་རྒྱུདང་བསྣམས་རྒྱུ་ཞིག་ཕྲན་ལ་ཡང་བདོག་པས་དེས་ཆོག་པར་མཛོད། ཅེས་སོགས་བསླབ་བྱ་ཞིབ་རྒྱས་བསྐུར་གནང་མཛད། ཨ་རིག་དགེ་བཤེས་རིན་པོ་ཆེའི་གསུང་ཚིག་འདི་རྣམས་ལ་ང་རང་ཚོས་དཔྱད་ཤེས་ན་གོ་རྒྱུ་ཆེན་པོ་རེ་ཡོད་ཚོད་འདུག་པས། གསུང་གི་ཚིག་རིས་མ་བསྒྱུར་བར་རང་སོར་བཞག་ནས་བྲིས་པ་ཡིན་ནོ།། ཞེས་པ་འདི་ནི་བདག་ཅག་གི་བླ་མ་དམ་པ་༧སྐྱབས་མགོན་དགེ་བཤེས་ཆེན་མོའི་གསུང་གལ་ཆེན་ཡིན་པས་༧རྗེ་བཙུན་བླ་མ་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོ་བློ་བཟང་དར་རྒྱས་རྒྱ་མཚོ་དཔལ་བཟང་བོའི་རྣམ་པར་ཐར་བ་མདོ་ཙམ་དུ་བརྗོད་པ་དད་པའི་པདྨོ་འབྱེད་པའི་ཉིན་བྱེད་ལས་འདིར་བཀོད་པའོ།། མངྒལ྄ཾ།
རྩོམ་ཡིག་ཕབ་བཤུ་བ། སྐབས་བཞི་བའི་མཐར་ཕྱིན་སློབ་མ་ནག་ཙན་དན།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|