ལྷོ་ཁ་ནས་ལོ་སྟོང་གོང་གི་གནའ་བོའི་བང་སོ་རྙེད་པ།
གསར་འགོད་པས་ཉེ་ཆར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་7པར་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་དང་། སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་། ལྷོ་ཁ་ས་ཁུལ་རིག་དངོས་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་གྲུབ་པའི་གནའ་རྫས་དཔྱད་ཞིབ་རུ་ཁག་གིས་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་ལུང་གཞུང་གི་ངོགས་གཉིས་ནས་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་བཙན་པོའི་དུས་སྐབས་ཀྱི་བང་སོ་དང་། དམིགས་བསལ་གྱི་རི་མོ་དང་མཚོན་རྟགས་བཀོད་པའི་བྲག་བརྐོས་རི་མོ་ཁག་གསུམ་གསར་དུ་རྙེད་ཅིང་། དེའི་ནང་དོན་མང་ཆེ་བ་མུ་མཐུད་དབྱེ་འབྱེད་ངོས་འཛིན་བྱེད་དགོས་ཀྱི་ཡོད་པ་རེད།
ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཁྲེན་ཙུའུ་ཅུན་གྱིས། བང་སོ་གཉིས་པོ་ནི་ལོ་ངོ་སྟོང་ལྷག་ཙམ་གོང་གི་བཙན་པོའི་སྐབས་ཀྱི་བང་སོ་ཡིན་པ་དང་། གཅིག་ནི་ས་ཕུང་བང་སོ་ཡིན་པ་དང་གཞི་ཁྱོན་ཆུང་ཞིང་། འཕྱོངས་རྒྱས་ལུང་གཞུང་གི་བཙན་པོའི་བང་སོའི་བྱང་ངོས་དང་ཐག་ཉེ་བའི་སར་ཡོད་པ་དང་དེའི་ཉེ་འགྲམ་ནི་བྲག་བརྐོས་རི་མོ་གཉིས་པ་དེ་གནས་ཡུལ་རེད། གཅིག་ཤོས་ནི་རྡོའི་བང་སོ་ཡིན་པ་དང་། ཞིབ་འཇུག་མི་སྣས་དེའི་གྲུབ་སྟངས་དང་ལོ་རྒྱུས་ཀྱི་རིན་ཐང་ཐད་ལྟ་སྟངས་གཅིག་པ་མིན་སྟབས་ཞིབ་ཕྲའི་གྲུབ་རྐྱེན་དང་ལོ་རབས་སོགས་ཚང་མ་ཞིབ་དཔྱད་ར་སྤྲོད་བྱེད་དགོས་ཀྱི་ཡོད་པས། དེའི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ཡང་སྔར་བས་ཞིབ་དཔྱད་བྱེད་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁོངས་དེའི་བྲག་བརྐོས་རི་མོ་དག་རྒྱུག་ཆུའི་ངོགས་གཉིས་ཀྱི་བྲག་རྡོའི་ཐོག་བརྐོས་ཡོད་ཅིང་། དེའི་ཁྲོད་ཀྱི་ས་ཆ་དང་པོའི་བྲག་བརྐོས་རི་མོའི་གྲངས་འབོར་མང་ཤོས་ཡིན་པ་དང་། ཁྱབ་ཚུལ་ཡང་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པ་རེད།

གསར་འགྱུར་མཁོ་སྤྲོད་པ། མཐར་ཕྱིན་སློབ་མ་རྒྱ་འདུ་སངས་རྒྱས།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|