བཤེས་གཉེན་སྦ་བ་ལ་གདམས་པ་བྱ་དཀའ་བ་ཨའི་དབྱངས་ལ་ངེས་པ།

རྗེ་ཙོང་ཁ་བ་བློ་བཟང་གྲགས་པ།
ཡང་དག་ལམ་ལ་རབ་གནས་པ།།
ལས་ངན་བག་ཆགས་ཐམས་ཅད་སྤངས།།
གཞན་ཕན་ཐབས་མང་རབ་མངའ་བ།།
དག་པ་སར་གནས་འཇམ་དཔལ་དང་།།
གཞན་ཡང་འཕགས་པ་ཐམས་ཅད་ལ།།
ལྷག་བསམ་དག་པས་རབ་དད་ནས།།
ཟམ་ལམ་མན་ངག་དམ་པ་འཆད།།
ལྷག་པར་དགའ་བས་མཉན་པར་འཚལ།།
ལས་ངན་བག་ཆགས་བསགས་པ་ལས།།
མངལ་དང་གཞན་ཡང་གནས་ངན་འགར།།
རང་དབང་སྤངས་ནས་བཙལ་བ་དང་།།
རྣམ་མང་ན་ཚས་ཡང་ཡང་མནར།།
རྒས་པས་ཡན་ལག་ཉམས་དང་འདར།།
རྐང་ལག་ཞ་དང་མདངས་ངན་པ།།
ཐམས་ཅད་ལས་ངན་དབང་ལས་ལགས།།
ལས་ངན་ཆགས་སྡང་མ་སྤངས་ན།།
རང་གཞན་ཐམས་ཅད་ལས་ངན་ལས།།
ནམ་ཡང་ཐར་བར་དཀའ་བས་ན།།
ཆགས་སྡང་སྤང་ལ་འབད་པར་འཚལ།།
རྣམ་དཀར་ལས་ལས་ཐར་བ་དང་།།
ལས་ངན་བསགས་པས་ལས་ངན་འགར།།
ཡང་ཡང་མནར་བ་རབ་བསམས་ནས།།
དཀར་ནག་ལས་ལ་གདམ་ག་འཚལ།།
རབ་གནག་ལས་ལ་གང་དགའ་བ།།
ལས་ངན་དབང་ལས་བསད་པ་དང་།།
བཅད་དང་བཏགས་པས་རྣམ་པར་མནར།།
ནགས་ཚལ་གཡང་ས་མཐའ་ཡས་པར།།
བཤང་ལམ་བརྡར་བས་བཅད་པ་དང་།།
རབ་ཚ་ཟངས་ནང་ཉམ་ང་བར།།
ཤ་དང་པགས་པ་ཞག་རྣམས་ཟད།།
མཁའ་ལ་འདབ་མ་འབར་བ་དང་།།
རྣམ་མང་མདའ་ཆར་ཡང་ཡང་འབབ།།
རབ་འབར་ཚ་བ་དང་ལྡན་པར།།
དཔག་ཡས་བསྐལ་པར་གནས་ཀྱང་འཚལ།།
གཞན་ཡང་པདྨ་ལྟར་གས་ནས།།
ཉམ་ཐག་པར་ཡང་གནས་པ་དག།
ཐམས་ཅད་ལས་ངན་དབང་ལགས་པས།།
ལས་ངན་སྤང་ལ་འབད་པར་འཚལ།།
གཞན་ཡང་ལས་ངན་བསགས་པ་ལས།།
རྟ་འམ་བ་གླང་མངལ་བཙས་ནས།།
རང་དབང་རབ་སྤངས་ཐག་པས་བཏགས།།
བསད་དང་བཅད་པས་ཉམ་ཐག་འབར།།
ལ་ལ་ཁལ་མང་བཀལ་བས་མནར།།
ཕན་དང་དགའ་བ་སྤངས་པ་དག།།
ཐམས་ཅད་ལས་ངན་དབང་ལགས་པས།།
ལས་ངན་སྤང་ལ་འབད་པར་འཚལ།།
ལས་ངན་དབང་ལས་གང་ཟག་འགས།།
ཡང་དག་ཁ་ཟས་མ་འཚལ་བར།།
ཐལ་དང་བཤང་བ་ཟ་བ་འམ།།
ཁ་ཟས་གཏན་ནས་མ་འཚལ་བས།།
ཉམ་ཐག་པར་ཡང་རྣམ་པར་གནས།།
ལ་ལ་རྐང་ལག་མཐའ་དག་ཞ།།།
སྣ་དང་ཡན་ལག་མ་ཚང་བས།།
གཞན་འགས་སྨད་དང་བརྙས་པར་མཛད།།
ལ་ལ་གཅན་གཟན་མངལ་བཙས་ནས།།
གཞན་ལ་སྡང་བས་རྣམ་པར་གནས།།
ལ་ལ་ཉ་དང་ཕག་པར་གནས།།
འདམ་བཅས་གནས་ན་ཉལ་བ་དག།།
ཐམས་ཅད་ལས་ངན་དབང་ལགས་པས།།
ལས་ངན་སྤང་ལ་འབད་པར་འཚལ།།
ལས་ངན་དབང་ལས་ཉ་བ་དང་།།
བཤན་པ་དག་ལ་རབ་དགའ་བས།།
རབ་གནག་ལས་ལམ་མང་བསགས་ནས།།
ལས་ངན་ཉམ་ངར་རྟག་པར་གནས།།
མཐར་ཡང་ཐར་བར་དཀའ་བས་ན།།
ལས་ངན་སྤང་ལ་འབད་པར་འཚལ།།
དར་མར་གནས་པ་རྒས་པས་ཉམས།།
རྣམ་མང་ན་ཚས་མདངས་བཟང་ཡལ།།
བསགས་པ་ཐམས་ཅད་མཐར་འགག་པས།།
བསམ་པ་ཐར་བ་ལ་གཏད་ནས།།
རྣམ་དཀར་ལས་ལ་འབད་པ་དང་།།
ཆགས་སྡང་མཐའ་དག་སྤངས་ན་འཐད།།
པད་མ་རཱ་ག་འབར་བ་དང་།།
མརྒད་ཁང་པ་བ་དན་ཅན།།
ཆང་དང་ཁ་ཟས་རབ་མང་བར།།
དགའ་མ་མདངས་བཟང་དང་བཅས་པ།།
དར་ཟབ་སྟན་ལ་ཉལ་བ་དང་།།
ས་བདག་དཔལ་ལས་མཐར་ཉམས་ནས།།
འདམ་བཅས་ཁང་པ་དག་ན་ཉལ།།
ཁ་ཟས་ཡང་དག་མ་འཚལ་བས།།
རང་དབང་དགའ་བ་རབ་སྤངས་ནས།།
ཉམ་ཐག་ཐར་ཡང་གནས་འཚལ་ལགས།།
དལ་འབབ་པད་མ་གསར་གནས་པ།།
ཡལ་འདབ་དང་ལྡན་དཔག་བསམ་ཅན།།
དགའ་ཚལ་དག་དང་ལྷ་རྣམས་དང་།།
དབང་མཛད་དཔལ་ལྡན་ལྷ་དབང་ཡང་།།
ལྷ་དབང་དཔལ་ལས་མཐར་ཉམས་ནས།།
ཕག་གམ་བ་ལང་མངལ་ནས་བཙས།།
ཁ་ཟས་རྩྭ་དང་བཤང་བ་ཟ།།
ས་དང་གནས་མལ་ངན་པ་འགར།།
ཉམ་ང་བར་ཡང་གནས་འཚལ་ལགས།།
སྔར་བཤད་ལས་ངན་རབ་སྤངས་ནས།།
རྣམ་དཀར་གཞན་ཕན་བསམ་པ་དང་།།
ཡང་དག་ལམ་ལ་རབ་གནས་པས།།
ལས་དང་བག་ཆགས་སྤངས་པ་དང་།།
ཐར་ལམ་དག་ལ་འབད་ན་འཐད།།
རབ་དཀར་ལས་ལ་གང་དགའ་བ།།
ཡང་དག་ཁ་ཟས་རྣམ་མང་ལྡན།།
ཁང་བཟང་བ་དན་ཅན་ལ་དབང་།།
ཐམས་ཅད་བཀའ་ལ་རབ་མཉན་པ།།
ས་ལ་དཔལ་འབར་ས་བདག་དང་།།
བསམ་གཏན་རབ་མངའ་ཚངས་དབང་ཡང་།།
ཡང་དག་སར་གནས་འཕགས་པ་དང་།།
གཞལ་ཡས་ཁང་གནས་ལྷ་དབང་ཡང་།།
རྣམ་དཀར་ལས་ལ་རག་ལས་པས།།
ཡང་དག་ལམ་ལ་འབད་ན་འཐད།།
ཡལ་འདབ་རབ་བཟང་དཔག་བསམ་དང་།།
མདངས་གསལ་དལ་འབབ་པད་གསར་ཅན།།
དགའ་ཚལ་མ་ལ་ཡས་ཁང་པ།།
དཔག་ཡས་ངད་ལྡན་གནས་གཙང་ན།།
ཁང་བཟང་རྣམ་དཀར་བ་དན་ཅན།།
ལྟ་ན་རབ་དགའ་ཡངས་པ་དང་།།
དར་དཀར་ན་བཟའ་མལ་ཆ་སྟན།།
རྣམ་མང་དར་ཟབ་རཏྣ་དང་།།
ཡང་དག་ཁ་ཟས་དཔལ་ལ་དབང་།།
ས་དང་བར་སྣང་མཐའ་དག་ན།།
དཔག་ཡས་བསྔགས་པ་དང་ལྡན་པའང་།།
རྣམ་དཀར་ལས་ལ་རག་ལས་པས།།
ཡང་དག་ལམ་ལ་འབད་ན་འཐད།།
ཟབ་ཡངས་གང་ག་པད་གསར་ཅན།།
པད་དཀར་མདངས་བཟང་འདབ་མ་འདབ།།
ཙན་དན་མ་ལ་ཡ་ངད་ལྡན།།
སྣང་བ་རབ་འབར་རྣམ་མང་གསལ།།
རབ་བཟང་ངད་ལྡན་ཙན་དན་བདར།།
ཞལ་ཟས་བཟའ་བ་ལྷ་རྫས་མང་།།
རྫ་རྔ་ཆ་ལང་སྐད་སྙན་དང་།།
དགའ་ཆ་མདངས་གསལ་གར་ཉམས་ཅན།།
ལྷ་རྫས་ཞན་ཡང་མང་ལྡན་པ།།
རབ་དཀར་ལས་ལ་རག་ལས་པས།།
ཡང་དག་ལམ་ལ་འབད་ན་འཐད།།
རྣམ་དཀར་ལས་ལ་འབད་ན་ཡང་།།
མཚན་མ་དང་ལྡན་བསམ་གཏན་ལས།།
ཟག་བཅས་གནས་ནས་ཐར་བར་དཀའ།།
ཡང་དག་ལམ་ལ་གནས་པ་ལ།།
ཟག་པ་ཐམས་ཅད་འགགས་པ་ན།།
མཚན་མར་ལྟ་བ་རབ་སྤངས་ནས།།
བཀའ་དང་མན་ངག་མཉན་པར་འཚལ།།
ཡང་དག་ལམ་ལ་མཁས་པ་དང་།།
གཞན་ཕན་བསམ་པ་རབ་མངའ་བ།།
ས་དང་ལམ་ལ་གནས་པ་ཡང་།།
གང་ཟག་དམ་པ་གཞན་བཙལ་ནས།།
ཟབ་ལམ་ཡང་ཡང་ཉན་ན་བཟང་།།
རྣམ་དག་བཀའ་དང་འགལ་བ་རྣམས།།
གཞན་འགས་འཐད་པར་བསྟན་ན་ཡང་།།
ཚད་མས་རྣམ་པར་བཀག་པས་ན།།
ཉན་ཡང་རང་གཞན་ངལ་བར་ཟད།།
བསམ་གཏན་དག་ལ་མ་འབད་ན།།
ཉན་པ་ཙམ་ལས་ཐར་དཀའ་བས།།
རང་རང་ཁང་པ་བས་མཐའ་དང་།།
གང་བསམ་གནས་ཚལ་ཉམས་དགའ་བ།།
འདབ་ཆགས་སྐད་སྙན་དང་ལྡན་པར།།
བསམ་པ་གཞན་དག་རབ་བཏང་ནས།།
མཉམ་གཞག་ལམ་ལ་འབད་ན་འཐད།།
བདག་ལྟ་མཐའ་དག་རྣམ་སྤངས་ནས།།
ཐབས་ལམ་ཡང་དག་ལྟ་བ་ལ།།
རྣམ་དག་བསམ་པས་འབད་པ་ན།།
ཐར་བ་དམ་པ་རང་ལ་གནས།།
ཡང་དག་ལམ་ལ་འབད་ན་ཡང་།།
རང་ལ་ཕན་བསམ་མ་སྤངས་ན།།
ཉན་རང་དག་ལས་མ་འདས་པས།།
གཞན་ཕན་ལས་ལ་འབད་ན་འཐད།།
གང་ཟག་གཞན་དག་ཐམས་ཅད་ལ།།
ཕ་དང་མར་ཡང་རབ་བསམས་ནས།།
རང་ལས་གཞན་ལ་ལྷག་པར་ཡང་།།
རྣམ་དཀར་བསམ་པ་ལྡན་པར་འཚལ།།
གཞན་ཕན་བསམ་པས་རབ་འཕངས་ནས།།
ཁ་ཟས་མལ་ཆ་གནས་ཁང་དང་།།
ཡན་ལག་དག་དང་དགའ་མ་ཡང་།།
མ་ཕངས་གཞན་ལ་གཏང་བར་འཚལ།།
ལ་ལས་འདབ་མ་འབར་བ་དང་།།
རྣམ་མང་མདའ་ཆར་ཕབ་ན་ཡང་།།
བདག་དང་ལས་ལ་རབ་བསམ་ནས།།
རྣམ་དཀར་བསམ་པས་གནས་པར་འཚལ།།
ཐམས་ཅད་རང་ལ་རག་ལས་པས།།
རང་བསམ་སྟག་ལྟར་ཡན་པ་དག།།
ཟབ་ལམ་ཀ་བ་དམ་པ་ལ།།
བསམ་གཏན་ཐག་པས་བཏགས་ན་བཟང་།།
ལྟ་ངན་རྣམ་པར་མ་གསལ་ན།།
ཐར་ལམ་དག་ལས་ཉམས་ལགས་པས།།
རྟག་ཆད་ལྟ་བ་རབ་སྤངས་ནས།།
ཡང་དག་མཐའ་ལ་མཉམ་གཞག་འཚལ།།
བརྟགས་ནས་ཚད་མས་བསལ་བ་དང་།།
ཐ་སྙད་སྣང་ཙམ་མ་འགགས་པས།།
རྟག་ཆད་མཐའ་ལས་རབ་འདས་པར།།
ཡང་དག་ལམ་ལ་མཁས་པས་བཤད།།
ཡང་དག་ལམ་ལ་མ་འབད་ན།།
ལས་ངན་བག་ཆགས་སྤང་དཀའ་བས།།
མཚན་མ་ཐམས་ཅད་རབ་སྤངས་ནས།།
ས་ལམ་དག་ལ་འབད་པར་འཚལ།།
བཀའ་རྣམས་གདམས་པར་རབ་ཤར་ནས།།
ཟབ་ལམ་བསམ་གཏན་དག་ལ་འབད།།
མཉམ་གཞག་ལམ་ལས་ལངས་པ་དང་།།
བཀའ་དང་མན་ངག་འཆད་པར་འཚལ།།
གཞན་ཕན་མཛད་པ་བསམ་ལས་འདས།།
ལས་ངན་བག་ཆགས་མཐའ་དག་སྤངས།།
ཟབ་ལམ་ཐམས་ཅད་ཚང་བར་མངའ།།
མཚན་དང་ལྡན་པ་གཞན་ལས་ལྷག།།
རབ་དང་བར་དང་ཐ་མ་ལ།།
རང་རང་ཁམས་དང་བསམ་པ་དང་།།
འཚམ་པར་ལམ་རྣམས་ཐམས་ཅད་འཆད།།
ཚངས་དང་ལྷ་དབང་བཀའ་ལ་ཉན།།
མདའ་ལྔ་བ་རྣམས་རང་དབང་སྤངས།།
འཕགས་པ་གཞན་ལས་མཁས་པ་དག།
ཡང་དག་ལམ་ལ་རག་ལས་པས།།
ལས་ངན་ཐམས་ཅད་རབ་སྤངས་ནས།།
ཡང་དག་ལམ་ལ་འབད་པར་འཚལ།།
གཞན་ཕན་བསམ་པས་རབ་འཕངས་ནས།།
ཟབ་ལམ་བག་ཙམ་བསྟན་པ་ལ།།
བདག་ལ་ཕན་བསམ་ལྡན་པ་རྣམས།།
དགའ་དང་དད་པས་ཉན་ན་འཐད།།
ཐ་མལ་ནད་དང་བཅས་པ་ཡང་།།
སྨན་པ་དག་ལ་རབ་ཉན་ན།།
ཆགས་དང་སྡང་བས་ན་བ་དག།།
བཀའ་ལས་འདས་པ་ག་ལ་འཐད།།
ཡན་ལག་ཞགས་པས་བསྡམས་པ་ཡང་།།
བཅད་ཐབས་དག་ལ་རབ་འབད་ན།།
ལས་ངན་ཞགས་པས་བཏབ་པ་དག།།
དལ་བར་གནས་པ་ག་ལ་འཐད།།
དད་ལྡན་སྦ་བས་ཡང་དང་ཡང་།།
ནན་མཛད་ངག་ལས་རབ་ཉན་ནས།།
སྙན་ངག་གནས་རྣམས་མཐའ་དག་ལ།།
མཁས་པས་ལྷག་བསམ་དག་པས་བརྩམས།།
ཟབ་ལམ་མན་ངག་བཤད་པ་ལ།།
འགལ་བ་སྣང་ན་མཁས་ལ་བཤགས།།
རྣམ་དཀར་ལས་དང་གང་ལྡན་པས།།
རང་གཞན་བག་ཆགས་སྤང་བར་འཚལ།།
གཞན་འགས་བསྐལ་པར་འབད་ན་ཡང་།།
བརྩམ་པར་རབ་དཀའ་སྙན་ངག་དག།།
ལྷག་བསམ་རྣམ་པར་དག་པས་བརྩམས།།
མཁས་པ་རྣམས་ལ་ཡ་མཚན་གནས།།
ཆགས་དང་སྡང་བས་སྨད་ན་ཡང་།།
རང་རྟགས་གཞན་ལ་བསྟན་པར་ཟད།།
བདག་ལ་འདར་དང་ཉམ་ང་བ།།
ནམ་ཡང་མངའ་བ་ག་ལ་འཚལ།།
ཞེས་པ་འདི་ནི་བཤེས་གཉེན་སྦ་བས་བསྐུལ་བའི་ངོར། བདེ་བར་གཤེགས་པའི་གསུང་རབ་ཕལ་མོ་ཆེ་ལ་བློ་གྲོས་ཀྱི་པད་མོ་རྒྱས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
|