
ནེ་པ་ལ་རྒྱལ་ཁབ་ཏུ་བུད་མེད་ཀྱི་སྲིད་འཛིན་ཐོག་མ་བྱུང་བ།
2015ལོའི་ཟླ་10ཚེས་28ཉིན་ནེ་པ་ལ་རྒྱལ་ཁབ་ཀྱི་ཏང་ཆེན་པོ་གཉིས་པའམ་ནེ་པ་ལའི་གུང་ཁྲན་ཏང་(མ་ལེ་མཉམ་འབྲེལ)གི་ཀྲུའུ་ཞི་གཞོན་པ་པི་ཏི་ཡ་པན་ཏ་ལི་ནེ་པ་ལའི་དབྱི་ཧུའེ་གྲོས་ཚོགས་ཐོག་འདེམས་བསྐོ་བྱེད་སྐབས་འདེམས་ཤོག་མང་བ་ཐོབ་པའི་ཐོག་ནས་འགྲན་ཟླ་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁབ་དེའི་སྲིད་འཛིན་གསར་པར་བདམས་ཐོན་བྱུང་བ་རེད། པི་ཏི་ཡ་པན་ཏ་ལི་ནི་ནེ་པ་ལ་རྒྱལ་ཁབ་ཀྱི་བུད་མེད་སྲིད་འཛིན་ཨང་དང་པོར་གྱུར་པ་རེད། པི་ཏི་ཡ་པན་ཏ་ལི་ནི་1961ལོའི་ཟླ་6ཚེས་19ཉིན་ནེ་པ་ལའི་ཤར་རྒྱུད་ཀྱི་པོ་ཙེ་ཕུར་རྫོང་དུ་སྐྱེས་པ་དང་། ཆུང་དུས་རྒྱལ་པོས་དབང་ཆ་སྒེར་གཅོད་བྱེད་པར་རྒོལ་བའི་སློབ་མའི་ལས་འགུལ་ནང་ཞུགས་མྱོང་ལ། རྗེས་སུ་ནེ་པ་ལའི་གུང་ཁྲན་ཏང་ལ་ཞུགས། ཁོང་གྲོས་ཁང་གི་འཐུས་མིར་བདམས་ཐོན་ཐེངས་མང་བྱུང་མྱོང་ཞིང་། སྔ་རྟིང་དུ་ནེ་པ་ལའི་སྲིད་གཞུང་གི་ཁོར་ཡུག་དང་མི་གྲངས་པུའི་པུའུ་ཀྲང་དང་རྒྱལ་སྲུང་པུའི་པུའུ་ཀྲང་གི་འགན་ཁུར་མྱོང་། ད་སྐབས་ནེ་པ་ལའི་གུང་ཁྲན་ཏང་གི་ཀྲུའུ་ཞི་གཞོན་པ་དང་། ནེ་པ་ལའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡི་འགན་འཁུར་ཡོད་པ་རེད།
གསར་ཁུངས། སྤེན་ནག་ཚང་བོད་ཡིག་འཕྲིན་སྟེགས།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|