
སློབ་གྲྭ་གསུམ་གྱི་དགེ་རྒན་ཡོངས་མཉམ་གཅིག་ཏུ་འཛོམས་ཏེ་སློབ་གསོའི་ཕྱོགས་ནས་བསམ་བློ་བརྗེ་རེས་གནང་བ།
༢༠༡༥/༡༠/༢༩ཉིན་གྱི་གསར་འགྱུར།
ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གསོའི་དམིགས་ཡུལ་དང་ཁ་ཕྱོགས་ལེགས་ལམ་དུ་ཕྱིན་ཏེ་གྲུབ་འབྲས་བླ་མེད་བླངས་པ་ལ་བརྟེན་ནས་ལོ་རེ་རེ་བཞིན་ཞིང་ཆེན་ཕྱི་ནང་གི་བོད་ཀྱི་སློབ་གྲྭ་མང་བོ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གསོའི་ཐབས་ལམ་སོགས་ལ་རྒྱུས་ལོན་དང་སློབ་སྦྱོང་བྱེད་དུ་ཡོང་བཞིན་ཡོད་ལ། དེ་རིང་ཡང་༧ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་གིས་བཙུགས་པའི་ཞོན་ཧྭ་རྫོང་བོད་ཡིག་སློབ་འབྲིང་དང་རྭ་རྒྱའི་སློབ་འབྲིང་གི་དགེ་རྒན་རྣམས་ཆེད་དུ་འདིར་ཕེབས་ཏེ་སྔ་དྲོ་འཛིན་གྲྭ་སོ་སོའི་ནང་དུ་སློབ་ཁྲིད་ལ་ཉན་པ་དང་། ཉིན་གུང་སློབ་གླིང་གི་ཁོར་ཡུག་ལ་ལྟ་ཞིབ་བྱས་ཤིང་། ཕྱི་དྲོ་སློབ་གྲྭ་གསུམ་གྱི་དགེ་རྒན་ཚང་མ་མཉམ་གཅིག་ཏུ་འཚོགས་ཏེ་རང་རང་གི་སློབ་གྲྭ་ངོ་སྤྲོད་དང་འབྲེལ་བགྲོ་གླེང་དང་དྲི་བ་དྲིས་ལན་མཛད་ཅིང་། ལྷག་པར་དུ་ཚོགས་སྟེང་ནས་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་དགེ་རྒན་གྱི་བསམ་བློ་དང་ཀུན་སྤྱོད། ཡོན་ཏན་སོགས་ལས་འཕྲོས་ཏེ་དེང་རབས་ཀྱི་དགེ་རྒན་རྣམས་ལ་ངེས་པར་ཡོད་དགོས་པའི་འགན་འཁྲི་དང་ཆ་རྐྱེན་སོགས་ཀྱི་ཐད་ནས་གསུང་བཤད་རིན་ཐང་ཅན་མང་བོ་གནང་ཞིང་། དམིགས་བསལ་དགེ་རྒན་རྣམས་ཀྱིས་དཔེ་ཀློག་ཚད་མེད་གནང་དགོས་པའི་ཐད་ནས་རེ་བ་ནན་མོ་བཏོན་གནང་མཛད་པ་སོགས་ལ་ཚང་མས་བཀའ་དྲིན་ཚད་མེད་ཞུས་པའོ།།
བསམ་བློ་བརྗེ་རེས་གནང་བཞིན་པ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་པའི་དགེ་རྒན་ཡོངས་ཀྱི་མཉམ་པར།
གསར་འགོད་པ། བླ་ནག་པ་སྐལ་ལྡན་རྒྱ་མཚོ།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|