བུ་མོ་མཛངས་མས་མ་ཡུམ་གྱི་སྐུ་དྲིན་དྲན་པ།
ད་ལོའི་ཐེ་ལན་ཌི་རྒྱལ་ཡོངས་མཛེས་མ་འགྲན་བསྡུར་ཁྲོད་ཨང་རིམ་དང་པོ་ཐོབ་མཁན་བུ་མོ་མིན་ཏྲི་ལགས་ད་ལོ་མོ་ལོ་བཅུ་བདུན་ལ་སོན་ཞིང་། ད་ལྟའི་སྐབས་འཛམ་གླིང་ཡོངས་ཀྱི་ཆེས་དགའ་མོས་དང་ཡིད་སྨོན་བྱ་ཡུལ་གྱི་གསར་བསྒྱུར་ཞིག་ཏུ་གྱུར་ཡོད། ཁོ་མོ་ནི་ཁྱིམ་ཚང་ཆེས་ཉམས་ཐག་དབུལ་བོ་ཞིག་ཏུ་་སྐྱེས་ཞིང་མོ་རང་གི་ཨ་མ་ལགས་དང་མཉམ་དུ་འཚར་ལོངས་བྱུང་བ་ཡིན། ཨ་མ་ལགས་ཀྱིས་གོས་རྙིང་ཚོང་ཆུང་དང་སྲང་ལམ་གྱི་གད་སྙིགས་བཏུས་ནས་བསགས་པའི་ཡོང་འབབ་ཀྱིས་བུ་མོ་མིན་ཏྲིའི་སློབ་ཡོན་སྦྱར་ནས་ཁོ་མོ་ཐེ་ལན་ཌིའི་མཐོ་སློབ་ཐོན་པ་ཡིན་ཚུལ་གསུང་འདུག། བུ་མོ་མིན་ཏྲི་རྒྱལ་ཡོངས་མཛེས་མའི་དབུ་རྒྱན་གསོལ་ནས་ཨ་མ་ལགས་ལ་མཇལ་བར་འགྲོ་སྐབས་ཁོ་མོའི་དྲིན་ཅན་གྱི་མ་ནི་གད་སྙིགས་བླུགས་སྒམ་གྱི་འགྲམ་དུ་ཕྱག་ལས་གནང་བཞིན་སྐབས་ཡིན་པས་བསམ་ཤེས་ཅན་གྱི་བུ་མོ་མིན་ཏྲིས་མཛེས་མའི་དབུ་རྒྱན་དང་དཔུང་རྒྱན་གསོལ་བཞིན་པར་ཨ་མ་ལགས་ཀྱི་ཞབས་ལ་ཕྱག་འཚལ་བཞིན་པའི་འདྲ་པར་འདིས་གོ་ལ་ཧྲིལ་པོར་ཚོར་ཤུགས་གསར་པ་ཞིག་བྱིན་པར་མ་ཟད། སྔར་བྱུང་མྱོང་མེད་པའི་གསར་འགྱུར་ཆེས་གསར་པ་ཞིག་ཏུ་གྱུར་ཡོད། བུ་མོ་མིན་ཏྲིས་ད་དུང་མུ་མཐུད་ནས་རང་གི་ཨ་མར་ཕྱག་རོགས་དང་། ཨ་མ་ལགས་ཀྱི་ཕྱག་ལས་དེ་ནི་ངོ་གནོང་དགོས་པ་ཞིག་མ་ཡིན་པར་དེ་ནི་འགྲོ་བ་མིའི་རིགས་ཀྱི་ཕྱག་ལས་གལ་ཆེན་ཞིག་རེད་ཅེས་གསུང་འདུག

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|