༄༅།།ཧྭ་ཧྥོར་སློབ་ཆེན་གྱི་བསླབ་སྡོམ་ཚན་པ་ཉི་ཤུའི་དོན་འགྲེལ་རྨི་ལམ་ཡིད་བཞིན་དུ་འགྲུབ་པའི་གཏམ་ཞེས་བྱ་བཞུགས་སོ།།
གངས་ཅན་དབྱངས་འཚོས་བསྒྱུར་རྩོམ་བྱས།
ལས་རིགས། སློབ་གཉེར་བ། ས་གནས། བོད་ལྗོངས་ཆབ་མདོ།
༈འཛམ་གླིང་གི་ས་ཕྱོགས་གང་སར་སྙན་པའི་གྲགས་དཀར་ཕྱོགས་བཅུར་མཆེད་པའི་ཧྭ་ཧྥོར་སློབ་གྲྭ་ཆེན་མོ་ལ་མཚོན་ན། མི་ལོ་སུ་བརྒྱ་ལྷག་གི་རིང་ཁོར་ཡུག་འདི་ནས་གྲགས་ཅན་གྱི་ཤེས་ཡོན་མི་སྣ་བགྲང་ལས་འདས་པ་ཞིག་གསོ་སྐྱོང་བྱས་ཡོད་དེ། དེའང་ཁོང་ཅག་གི་ཁྲོད་ནས་(诺贝尔奖)ནོར་འབེལ་བྱ་དགའ་ཐོབ་མཁན་མི་སྣ་བཞི་བཅུ་དང་།(普利策奖)ཕོ་ལེ་ཚིའི་རྟགས་མ་ཐོབ་མཁན་སོ་གཉིས། ཨ་མི་རི་ཁའི་སྲིད་འཛིན་བརྒྱད། ད་དུང་ལས་གནས་ཁག་གི་ཕུལ་བྱུང་མི་སྣ་གྲངས་མང་ཞིག་ཐོན་ཡོད། དེ་ན་ཧྭ་ཧྥོར་སློབ་ཆེན་ཡང་སྙིང་གང་འདྲ་བྱས་ནས་མཁས་དབང་དུ་མའི་འབྱུང་གནས་སུ་གྱུར་པ་དང་། སློབ་གྲྭ་དེའི་སློབ་མ་རྣམས་ཀྱིས་བསམ་བློའི་ལྟ་གྲུབ་གང་ཞིག་དང་དུ་བླངས་ཡོད་པ་རེད་ཅེ་ན། དྲི་གཞི་འདི་དག་གི་ལན་ཕལ་ཆེར་ཧྭ་ཧྥོར་སློབ་ཆེན་གྱི་དཔེ་མཛོད་ཁང་གི་གྱང་ངོས་ན་བཀོད་པའི་བསླབ་སྡོམ་ཚན་པ་ཉི་ཤུས་ལན་གསལ་བོར་བཏབ་ཟིན་ཅིང་། ཚིག་ཉུང་དོན་འདུས་ཀྱི་ལེགས་བཤད་འདི་དག་གིས་མི་རྣམས་ལ་བསམ་གཞིག་གི་བར་སྟོང་བསྐྲུན་ཏེ་བློ་སྒོ་ཡངས་པོར་ཕྱེས་ཡོད།
ཚན་པ་དང་བོ།
འདི་ནས་གཉིད་ཡོར་བྱས་ན་ཁྱོད་ཀྱིས་རྨི་ལམ་རྨིས་ལ །འདི་ནས་སློབ་ལ་བརྩོན་ན་རྨི་ལམ་མངོན་དུ་འགྱུར།
གསལ་འགྲེལ།
འཕྲལ་གྱི་བདེ་བ་ཆུང་ཆུང་ལ་དམིགས་ནས་ངལ་བ་དང་ལེན་མི་བཟོད་པའི་སྐྱེས་བུ་དེས་ནམ་ཡང་བདེ་བ་ཆེན་པོ་འཐོབ་མི་སྲིད་ལ། དེ་ལས་ལྡོག་སྟེ་མིག་རྒྱང་རིང་བོ་ཞིག་གི་སླད་དུ་འཕྲལ་བདེ་རྒྱབ་ཏུ་དོར་བའི་མི་དེས་ནམ་ཞིག་བླ་མེད་ཀྱི་གྲུབ་འབྲས་འཐོབ་སྲིད།
ཚན་པ་གཉིས་པ།
ངས་སྟོང་ཟད་དུ་བཏང་བའི་དེ་རིང་ནི་ཏག་ཏག་ཁ་སང་ཚེ་ལས་འདས་པའི་མི་དེས་རེ་བའི་སང་ཉིན་ཡིན།
གསལ་འགྲེལ།
རིན་ཆེན་གསེར་ནག་ལས་དཀོན་པའི་དུས་ཚོད་ནི་ད་ལྟ་སྐར་ཆ་གཅིག་ལའང་མི་སྡོད་པར་འགྲོ་བཞིན་ཡོད་ལ། དེ་ལྟ་བུའི་དུས་ཚོད་དེ་ང་ཚོས་བག་མེད་སྤྱད་དེ་འདས་ན་སང་ཉིན་འཆི་ལ་ཉེ་བའི་སྐབས་དེར་མིག་ཟུང་ཧྲིག་ཧྲིག་གིས་ལག་པས་བྲང་ལ་སོར་མོ་འདེབས་པ་ལས་འགྱོད་གདུང་སེལ་བའི་སྨན་མཆོག་སུ་ཞིག་ལ་ཡོད།
ཚན་པ་གསུམ་པ།
སེམས་སུ་འཕྱི་སོང་སྙམ་པའི་དུས་ནི་ཏག་ཏག་ཆེས་སྔ་བའི་དུས་ཡིན།
གསལ་འགྲེལ།
ང་ཚོས་ལས་དོན་གང་ཞིག་བསྒྲུབ་ནའང་ནོར་འཆུག་ཡོད་སྲིད་ལ། དེ་འདྲའི་ནོར་འཆུག་ངོས་ཟིན་པའི་དུས་དེ་ནི་འཕྱི་བ་མ་ཡིན་ཏེ་ད་དུང་ནོར་བ་སླར་བཅོས་བྱེད་པའི་དུས་ཚོད་ཡོད་པས་སོ།། ཆེས་ཐབས་སྡུག་ཤོས་ནི་མི་ཚེ་གང་བོར་རང་གི་ནོར་བ་ནོར་ངོ་མི་ཟིན་པ་མ་ཟད་ནོར་འཆུག་བདེན་པ་རུ་བརླམས་ཏེ་མི་གཞན་ལ་བསླུ་བྲིད་གཏོང་བ་དེ་ཡིན་ནོ།།
ཚན་པ་བཞི་པ།
དེ་རིང་གི་ལས་དོན་དེ་སང་ཉིན་ལ་ཕྱིར་འགྱངས་གཏན་ནས་གཏང་མི་རུང་།
གསལ་འགྲེལ།
དུས་རྒྱུན་ང་ཚོ་ལས་ཀ་གང་མང་ཞིག་ཕྱིར་བཤོལ་བྱེད་པར་དགའ་ལ། ཉམས་མྱོང་ལྟར་ན་ཕྱིར་བཤོལ་གྱི་མཇུག་འབྲས་ནི་མི་འགྲུབ་པ་དེ་རེད། དེ་བས་ང་ཚོས་སང་ཉིན་ལའང་སང་ཉིན་ལ་འཚམ་པའི་ལས་དོན་ཡོད་པས་དེ་རིང་བསྒྲུབ་དགོས་པའི་ལས་དོན་དག་ངེས་པར་དུ་དེ་རིང་བསྒྲུབ་དགོས།
ཚན་པ་ལྔ་པ།
སློབ་སྦྱོང་སྐབས་ཀྱི་དཀའ་སྡུག་ནི་ཡུད་ཙམ་ཡིན་ལ་ཅི་ཡང་མི་ཤེས་པའི་དཀའ་སྡུག་ནི་མི་ཚེ་གང་བོར་མྱོང་དགོས།
གསལ་འགྲེལ།
སློབ་སྦྱོང་ལ་འབད་མཁན་ཞིག་གི་ངོས་ནས་བཤད་ན་ངལ་བ་དང་དཀའ་ཚེགས་ཅི་ཡང་མེད་པ་ག་ལ་ཡིན། འོན་ཀྱང་དེ་ལྟ་བུའི་དཀའ་ངལ་ནི་ཡུན་ཐུང་ཞིག་ཡིན་པ་མ་ཟད་དོན་དངོས་ཐོག་དེ་ནི་སྦྱོང་བརྡར་ཙམ་ལས་ཅི་ཡང་མིན།དེ་ལས་ལྡོག་སྟེ་དཀའ་ངལ་ཕྲན་བུ་ལ་འཛེམས་ནས་སློབ་སྦྱོང་གི་གོ་སྐབས་བཤོལ་བ་ནི་མི་སྒེར་ཞིག་གི་ངོས་ནས་མི་ཚེ་གང་བོ་དང་། མི་རིགས་ཤིག་གི་ངོས་ནས་རིགས་རྒྱུད་མཐའ་མ་སྟོངས་ཀྱི་བར་དུ་ངོ་ཚ་དང་དཀའ་སྡུག་མྱོང་དགོས།
ཚན་པ་དྲུག་པ།
སློབ་སྦྱོང་ལ་དུས་ཚོད་ཀྱིས་མ་འདང་བ་མིན་པར་བརྩོན་པས་མ་འདང་བ་རེད།
གསལ་འགྲེལ།
ང་ཚོས་དུས་ཚོད་དང་དགོས་དབང་ལ་ཁ་དཀྲི་ནས་སློབ་སྦྱོང་ལ་འབད་པ་མི་བྱེད། འོན་ཀྱང་གོ་སྐབས་བཙལ་ན་བསླབ་བྱའི་གནས་མང་བས་ང་ཚོས་ཁ་དཀྲི་ས་མི་འཚོལ་བར་ཤེས་བྱའི་རིགས་དུ་མར་བརྩོན་གཉེར་བྱེད་དགོས་པ་ཡིན།
ཚན་པ་བདུན་པ།
བདེ་སྐྱིད་ལ་ཨང་རིམ་མི་སྒྲིག་ཀྱང་སྲིད་མོད།ལེགས་འགྲུབ་ལ་ངེས་པར་དུ་ཨང་རིམ་སྒྲིག་སྲིད།
གསལ་འགྲེལ།
མི་ཞིག་གི་མི་ཚེ་ལ་སྡུག་བསྔལ་རྐྱང་བས་མ་ཁྱབ་པར་བརྟེན་བདེ་སྐྱིད་ཉིན་ཚེ་བ་རེ་ཡོད་སྲིད་ཅིང་། དེ་ལྟ་བུའི་བདེ་སྐྱིད་ལ་ཆ་རྐྱེན་སོགས་ཁོར་ཡུག་ལ་ལྟོས་པའི་རིམ་པའང་ངེས་ཅན་དུ་ཡོད་སྲིད། འོན་ཀྱང་དེ་ནི་མི་ཚེ་ཞིག་གི་རིན་ཐང་གི་ཆ་ནས་གཞལ་ན་ཆེས་གལ་ཆེ་བ་ནི་ཡང་སྙིང་ཅི་ཞིག་བསྒྲུབས་ཡོད་མེད་རགས་ལས་པ་རེད།
ཚན་པ་བརྒྱད་པ།
སློབ་སྦྱོང་ནི་མི་ཚེ་འདིའི་ཡོད་ཚད་མིན་མོད།མི་ཚེའི་ཆ་ཤས་སུ་གྱུར་པའི་སློབ་སྦྱོང་ཡང་འགྲུབ་པར་མི་ནུས་ན་གཞན་པ་སྨོས་ཅི་དགོས།
གསལ་འགྲེལ།
དོན་དངོས་ཐོག་ང་ཚོ་འཚོ་བ་ནི་སློབ་སྦྱོང་ཆེད་དུ་ག་ལ་ཡིན། ཡིན་ན་ཡང་མི་ཚེ་འདི་གྲུ་བོ་ཆེན་པོ་ཞིག་དང་མཚུངས་ན་སློབ་སྦྱོང་ནི་མེད་ཐབས་མེད་པའི་གྲུ་ཡོལ་ཞིག་མཚུངས་པས།མི་ཚེ་འདི་ལེགས་ཉེས་ཅི་ཞིག་ཏུ་འགྱུར་བ་ནི་སློབ་སྦྱོང་གི་ཤུགས་རྐྱེན་ལ་འབྲེལ་བ་ཡིན། དེ་བས་སློབ་སྦྱོང་གི་ལག་ཆ་མེད་པར་མི་ཚེ་འདི་དོན་སྙིང་ལྡན་པ་ཞིག་གི་ངང་ནས་བསྐྱལ་མི་ཐུབ་པས་ཅིས་ཀྱང་སློབ་སྦྱོང་ལ་བརྩོན་དགོས་པ་ཡིན་ནོ།།
ཚན་པ་དགུ་པ།
ཁྱོད་ཀྱིས་གཟུར་ཐབས་མེད་པའི་དཀའ་སྡུག་དེ་ལོངས་སུ་སྤྱོད་རོགས།
གསལ་འགྲེལ།
ང་ཚོས་སྒེར་གྱི་ལྟོ་ཐབས་ཙམ་གྱི་སླད་དུ་སྡུག་རུས་དང་དཀའ་ངལ་འདི་འདྲ་ཞིག་དང་དུ་ལེན་ནུས་ན་རླབས་ཆེ་བའི་ལས་དོན་སྤྱི་ཡི་ཕྱིར་དུ་འཕྲལ་གྱི་ངལ་བ་ཆུང་ཆུང་དག་ལ་བཟོད་སྒོམ་གནང་རོགས།
ཚན་པ་བཅུ་པ།
མི་གཞན་ལས་སྔ་བར་བརྩོན་པ་བསྐྱེད་ན་ད་གཟོད་ལེགས་འགྲུབ་གྱི་རོ་བཅུད་མྱོང་ཐུབ།
གསལ་འགྲེལ།
ང་ཚོས་ཤེས་གསལ་ལྟར་རྒྱལ་ཁ་དང་ལེགས་འགྲུབ་ནི་འགྲན་རྩོད་ཀྱི་ཁྲོད་ནས་ཐོབ་པ་ཡིན་པས་རང་ཉིད་ཕ་རོལ་པོ་དེ་ལས་རྒྱལ་དགོས་ན་ངེས་པར་དུ་གཞན་ལས་ལྷག་པའི་བརྩོན་པ་ཞིག་བྱེད་དགོས།དེ་ལྟར་བྱས་ཚེ་ཁྱོད་ཀྱིས་གཞན་ལས་ལྷག་པའི་གྲུབ་འབྲས་ལོན་ཐུབ།
ཚན་པ་བཅུ་གཅིག་པ།
མི་སུ་ཡིན་ཡང་གང་བསམ་བཞིན་ལེགས་འགྲུབ་མི་འབྱུང་བར་དེ་ནི་རང་གཅུན་དང་སྙིང་རུས་ལས་བྱུང་བ་ཡིན།
གསལ་འགྲེལ།
ཀུན་གྱིས་ཉམས་མྱོང་ལྟར་འཇིག་རྟེན་དུ་སྐྱེས་ནས་ད་བར་དུ་རང་གི་བསམ་ཐོག་ཏུ་མ་ཁེལ་བའི་ལས་དོན་གང་མང་ཞིག་ལྷག་ཡོད།དེའི་འབྱུང་རྩ་གཙོ་བོ་ནི་ལས་ཀ་དེར་ཞུགས་པའི་ཐབས་དང་བཀོད་པ་ཡང་ན་བརྩོན་པ་དང་སྙིང་རུས་ཀྱིས་མ་འདང་བ་ཤ་སྟག་ཡིན་ཏེ།ལས་དོན་ཕྲ་རགས་གང་ཡིན་ཡང་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ནི་རང་ལ་ཡིད་ཆེས་དང་།བྱ་བ་ལ་དང་བ།ལག་ལེན་གྱི་སྦྱོར་བ་གསུམ་པོ་རེད།གལ་ཏེ་དེ་འདྲའི་རྒྱུ་རྐྱེན་དག་ཚང་ན་བྱ་བ་ལེགས་འགྲུབ་ཡོང་བ་ནི་རྒྱུ་འབྲས་ཀྱི་གཤིས་ལུགས་ཡིན་ནོ།།
ཚན་པ་བཅུ་གཉིས་པ།
དུས་ཚོད་ཡལ་བཞིན་གདའ།
གསལ་འགྲེལ།
དུས་ཚོད་ཐག་ཐག་ཏུ་རྒྱུ་བཞིན་པ་ནི་ང་ཚོའི་སེམས་སུ་རྒྱུན་མཐོང་གི་སྣང་ཚུལ་ཞིག་རེད། འོན་ཏེ་ཁྱོད་ཀྱིས་མིག་ལམ་ནས་ཐག་སྒྲ་དང་བཅས་རྒྱུ་བཞིན་པ་དེས་ཡང་སྙིང་ཅི་ཞིག་མཚོན་གྱིན་ཡོད་པ་དང་།དེས་ང་ཚོ་ལ་བརྡ་ཅི་ཞིག་བསྟན་གྱིན་ཡོད་པར་མནོ་བསམ་བཏང་མྱོང་ངམ།དེ་ནི་དུས་ཚོད་འཁོར་ལོ་ལྟར་སྐར་ཆའི་མདའ་རྩེ་དེ་སྐར་མ་རེ་རེ་བཞིན་བསྐྱར་དང་ནན་དུ་འཁོར་ཡོང་རྒྱུ་ཞིག་མེད་ལ། དེ་ནི་དེ་རིང་གི་ཉིན་མོ་བཞིན་སང་ཉིན་ནས་བཟུང་ག་དུས་ཡིན་ཡང་གསར་དུ་ཚེས་པ་མེད། དེ་བས་དེ་རིང་ནི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན་པས་དུས་ཚོད་འདི་དོན་སྙིང་ལྡན་པའི་ངང་ནས་བསྐྱལ་རྒྱུ་རང་གི་འོས་འགན་ཡིན།
ཚན་པ་བཅུ་གསུམ་པ།
ད་ལྟ་གཉིད་ནས་བཞུར་བཞིན་པའི་ཁ་ཆུ་དེ་སང་ཉིན་ཚེ་སྲོག་གི་མིག་ཆུ་ཐིགས་པ་རུ་འགྱུར་སྲིད།
གསལ་འགྲེལ།
ད་ལྟ་ང་ཚོས་བློ་བདེ་བག་ཡངས་ཀྱིས་གཏོང་བཞིན་པའི་དུས་ཚོད་འདི་དག་ནམ་ཞིག་ཚེ་སྲོག་ལས་ཀྱང་གལ་འགང་ཆེ་བའི་ཉིན་མོ་རུ་འགྱུར་སྲིད་པས་ཁྱོད་ཀྱིས་ཁ་ལ་ཞིམ་པའི་དུག་ཅིག་ནམ་ཡང་བཟའ་ཕོད་དམ།
ཚན་པ་བཅུ་བཞི།
རང་ལ་རན་པའི་གོ་སྐབས་དེ་མི་འཆོལ་བར་ཞུ།
གསལ་འགྲེལ།
སློབ་གཉེར་བ་ཞིག་གི་ངོས་ནས་རང་གི་ལུས་ཕུང་གིས་ལྕོགས་ཚོད་ལྟར་སློབ་གཉེར་གནང་བར་གལ་ཆེན་ཡིན། དེ་ནི་སློབ་སྦྱོང་གི་སྐབས་སུ་འབད་པ་དང་།སློབ་གསེང་གི་སྐབས་སུ་སེམས་ཁམས་ལྷོད་ཡངས་སུས་བཏང་སྟེ་ཀླད་ཁམས་ངལ་གསོ་སོགས་བྱས་ན་རང་གི་ཚེ་མཇུག་སློབ་སྦྱོང་གི་ངང་ནས་འདའ་ཐུབ་པའི་སྨན་མཆོག་ཡིན།
ཚན་པ་བཅོ་ལྔ།
དེ་རིང་འགྲོ་མི་འདོད་ན་སང་ཉིན་རྒྱུག་རྒྱུར་ཐུག་ཡོང་།
གསལ་འགྲེལ།
མི་སུ་ཞིག་ཡིན་ཡང་རང་གི་མི་ཚེ་འདི་གཟི་བརྗིད་ལྡན་པའི་ངང་ནས་བསྐྱལ་ན་འདོད་ལ། འོན་ཀྱང་དེ་ནི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ་འབད་འབུངས་དང་སྡུག་རུས་ཁྲི་ཕྲག་གིས་ད་ལྟ་ནས་འགོ་བརྩམས་ཏེ་དེའི་སླད་དུ་འབད་པ་མ་བྱས་ན། ནམ་ཞིག་ཁྱོད་ལ་མི་ཚེའི་སྙིང་བོ་ཞེས་པ་དེ་སྟེས་དབང་གིས་ཐོབ་པ་མེད་པས་གྲ་སྒྲིག་གི་སྟ་གོན་ད་ལྟ་ནས་གནང་བར་འཚལ།
ཚན་པ་བཅུ་དྲུག་པ།
མ་འོངས་པར་མ་རྩ་གཏོང་མཁན་ནི་དེ་རིང་ལ་བློ་དཀར་མཁན་ནོ།།
གསལ་འགྲེལ།
ཁྱོད་ཀྱིས་མནོ་བསམ་ཞིག་ཐོངས་དང་།དངོས་གནས་ཁྱོད་ཉིད་ཁྱོད་ལ་དགའ་འམ། ཁྱོད་ཉིད་ཁྱོད་ཀྱི་མི་ཚེ་ལ་གཅེས་སམ།ཁྱོད་ཉིད་ཁྱོད་ཀྱི་འཚོ་བ་ལ་དད་དམ།གལ་ཏེ་རང་ཉིད་རང་གི་མི་ཚེ་དང་འཚོ་བ་དག་ལ་དགའ་ན་དེ་དག་ལ་སྨན་པའི་བྱ་བ་ཞིག་སྒྲུབས་དང་། དེ་ནི་ཁྱོད་ཀྱི་མ་འོངས་པའི་མི་ཚེ་དང་འཚོ་བ་རིན་ཐང་ཅན་དུ་འགྱུར་བའི་སྔོན་འགྲོ་ཡིན།
ཚན་པ་བཅུ་བདུན་པ།
རང་གི་རིག་གནས་ཀྱི་ཆུ་ཚད་དེས་ཡོང་སྒོ་མཚོན་ཡོད།
གསལ་འགྲེལ།
ཚོང་པས་མ་རྩའི་འཕེལ་ཚད་ཀྱིས་ཡོང་སྒོ་མཚོན་གྱིན་ཡོད་ལ་སློབ་མས་རིག་གནས་ཀྱི་བྱང་ཚད་ལ་ལྟོས་ནས་ཡོང་འབབ་མཚོན་དགོས། དེ་བས་ང་ཚོས་སློབ་སྦྱོང་གི་ཡུན་ཚན་དང་སློབ་འབྲས་ཀྱི་ལྕི་ཡང་ནི་སློབ་གཉེར་བ་ཞིག་གི་ངོས་ཐད་ནས་ངེས་པར་བརྟག་དགོས་པའི་བྱ་བ་ཞིག་ཡིན།འོན་ཀྱང་དེ་ནི་གནས་སྐབས་རྒྱུགས་འབྲས་ཀྱི་སྐར་མ་ཙམ་གྱིས་ཐག་གཅོད་བྱེད་མི་ནུས་པར་ཡུན་གྱིས་སློབ་མ་རང་གི་ཀུན་སྤྱོད་དང་བསམ་བློའི་ཐོག་ནས་མངོན་ཡོང་བ་ཞིག་ཡིན་ནོ།།
ཚན་པ་བཅོ་བརྒྱད་པ།
ཉིན་གཅིག་ཚར་ན་ཕྱིར་ཡོང་མེད།
གསལ་འགྲེལ།
དུས་ཚོད་ནི་ཅ་དངོས་ཤིག་དང་འདྲ་བར་ལན་གཅིག་ཆུད་ཟོས་སུ་བཏང་བ་དེ་ནམ་ཡང་ཁ་གསབ་བྱེད་དུ་མེད།དེ་བས་ད་ལྟ་ཁྱོད་དང་ལྷན་དུ་གནས་པའི་ཉིན་གཅིག་གི་དུས་ཚོད་དང་། ཡང་ན་ཆུ་ཚོད་གཅིགམ་མཐའ་སྐར་ཆ་གཅིག་ཀྱང་རྩེད་འཇོ་དང་རྣམ་གཡེང་གིས་སྟོང་ཟད་དུ་གཏང་མི་རུང་།
ཚན་པ་བཅུ་དགུ་བ།
འགྲན་ཡས་ད་ལྟ་ཡང་དཔེ་ཆ་སློག་གིན་ཡོད་ངེས།
གསལ་འགྲེལ།
ཁྱོད་ཀྱི་ཚེ་སྲོག་རྒོལ་ན་འདོད་པའི་གཤེད་མ་དེས་ད་ལྟ་ཨམ་གཙིགས་བསྡམས་ནས་ཁྱོད་ཀྱི་ཉེ་སར་བཅར་གྱིན་ཡོད་ན། ཁྱོད་ད་དུང་སོས་དལ་ངང་གཤེད་མའི་མདུན་ཐད་དུ་གྲ་སྒྲིག་ཅི་ཡང་མེད་པར་སྡོད་ཕོད་དམ། ཡང་ན་ཐབས་ལམ་གཞན་ཞིག་བཙལ་ཏེ་འཇིགས་སུ་རུང་བའི་གནས་དེ་ནས་བྲོས་འགོ་བརྩམ་རྒྱུ་ཡིན།
ཚན་པ་ཉི་ཤུ་བ།
དཀའ་བ་མེད་ན་ཐོབ་པ་མེད།
གསལ་འགྲེལ།
ཉམས་མྱོང་ནི་སློབ་གསོའི་ཉིང་ཁུ་ཡིན་པ་བཞིན་ང་ཚོས་དཀའ་ངལ་ཏིལ་འབྲུ་ཙམ་ཡང་མ་བརྟེན་པར་རྒྱལ་ཁ་དང་བདེ་སྐྱིད་ཆེན་པོ་ཞིག་ནམ་ཡང་ཐོབ་མི་སྲིད། དེ་ནི་ང་ཚོས་རྒྱུ་ཡི་སྤུས་ཀ་བཟང་ངན་གྱི་ཐོག་ནས་འབྲས་བུ་ཡང་དེ་ལ་འཚམ་པ་ཞིག་འབྱུང་བ་ལྟ་བུ་དཔེ་ཆུང་ཆུང་ཞིག་གི་ངོས་ནས་གསལ་བཤད་ཐུབ་པ་རེད།གལ་ཏེ་ང་ཚོས་མ་འོངས་པའི་འཚོ་བ་དེ་མི་རབས་རྗེས་མས་གླེང་རིན་ཡོད་པ་ཞིག་བྱ་དགོས་ན་ད་ལྟ་ནས་ཁྱོད་ཀྱིས་མི་རིགས་དང་སྤྱི་ཚོགས་ལ་ཕན་པའི་དཀའ་ངལ་དག་དང་དུ་ལེན་རོགས། ༢༠༡༣༡༢༨ཉིན།
རྩོམ་སྒྲིག་འགན་འཁུར་བ། མགར་རྩེ་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ། འབའ་སྣང་གྲོལ།
|