
བོད་ཡིག་གི་སློབ་ཁྲིད་བཀོད་སྒྲིག
དངོས་གཞི་འཛིན་གྲྭར་ལོ་གཅིག་གི་ཡུན་ལ་སྦྱོར་ཀློག་དང་རྨང་གཞིའི་སློབ་དེབ་ཁྲིད། དམའ་རིམ་འཛིན་གྲྭར་སློབ་སྐབས་དང་བོར་སྦྱོར་ཀློག་དང་རྨང་གཞིའི་སློབ་དེབ་ཁྲིད་ཅིང་། སློབ་སྐབས་གཉིས་པར་༼ལེགས་བཤད་ལྗོན་དབང་༽དང་༼དག་སྡེབ་༽ཁྲིད།འབྲིང་རིམ་འཛིན་གྲྭར་སློབ་སྐབས་དང་བོར་༼དག་ཡིག་མཁས་པ་དགའ་བསྐྱེད་༽དང་ཆོས་ཀྱི་རྣམ་གྲངས་ཁྲིད་ཅིང་།སློབ་སྐབས་གཉིས་པར་སུམ་ཅུ་བ་ཁྲིད། མཐོ་གཅིག་འཛིན་གྲྭར་སློབ་སྐབས་དང་བོར་སུམ་ཅུ་བ་དང་སློབ་སྐབས་གཉིས་པར་རྟགས་འཇུག་ཁྲིད། མཐོ་གཉིས་འཛིན་གྲྭར་སློབ་སྐབས་དང་བོ་དང་གཉིས་པ་གཉིས་ལ་སྙན་ངག་ཁྲིད། མཐར་ཕྱིན་འཛིན་གྲྭར་སློབ་སྐབས་དང་བོར་སྒྲ་དང་སློབ་སྐབས་གཉིས་པར་ས་ལམ་ཁྲིད། བསྡུས་གྲྭ་ནི་དམའ་རིམ་གྱི་སློབ་སྐབས་གཉིས་པ་ནས་འགོ་བརྩམས་ཏེ་དམའ་རིམ་གྱི་སློབ་སྐབས་གཉིས་པ་དང་འབྲིང་རིམ་གྱི་སློབ་སྐབས་གཉིས་ལ་བསྡུས་ཆུང་ཁྲིད། མཐོ་གཅིག་གི་སློབ་སྐབས་གཉིས་ལ་བསྡུས་འབྲིང་དང་བསྡུས་ཆེན་ཁྲིད། མཐོ་གཉིས་ཀྱི་སློབ་སྐབས་གཉིས་ལ་བློ་རྟགས་དང་མཐར་ཕྱིན་གྱི་སློབ་སྐབས་གཉིས་ལ་དོན་བདུན་ཅུ་དང་གྲུབ་མཐའ་ཁྲིད་དོ། །
བོད་ཡིག་ཆེད་སྦྱོང་འཛིན་གྲྭའི་སློབ་ཁྲིད་བཀོད་སྒྲིག
བོད་ཡིག་ཆེད་སྦྱོང་འཛིན་གྲྭ་ལ་ཉིན་རེར་སློབ་ཁྲིད་གཅིག་རེ་སྟེ་གཟའ་འཁོར་གཅིག་ལ་སློབ་ཁྲིད་དྲུག་ཡོད། དེ་དགེ་རྒན་གཉིས་ལ་སློབ་ཁྲིད་གསུམ་རེ་བྱས་ཏེ་བགོས་ཡོད། ཁྲིད་བྱ་ལ་༼རྒྱལ་སྲས་ལག་ལེན་༽དང་བོད་ཀྱི་ལོ་རྒྱུས། ༼ཁྱད་པར་འཕགས་བསྟོད་༽དང་༼ལྷ་ལས་ཕུལ་བྱུང་གི་བསྟོད་པ་༽གང་རུང་།༼བཤེས་སྤྲིངས།༽༼སྤྲིན་གྱི་ཕོ་ཉ་༽དང་༼ཕོ་ཉ་གཞོན་ནུ་དོན་གྲུབ་༽གང་རུང་། ནང་བསྟན་རྒྱུན་ཤེས་དང་མངོན་བརྗོད་དང་སྒྲ་བཅས་ཁྲིད་དོ།།
རྩིས་རིག་གི་སློབ་ཁྲིད་བཀོད་སྒྲིག
ང་ཚོའི་སློབ་གྲྭའི་སློབ་མ་སྤྱི་ཁྱབ་ཀྱི་ལོ་ཅུང་ཆེ་བ་དང་སློབ་ཐུན་གཅིག་གི་ཡུན་ཚད་དུས་ཚོད་གཅིག་ཡིན་པ། རྩིས་རིག་ཀྱང་བོད་ཡིག་བོད་སྐད་ཀྱི་སྟེང་ནས་འཁྲིད་བཞིན་ཡོད་པས་མགྱོགས་ཁྲིད་ཀྱི་བྱེད་ཐབས་སྤྱོད་ཀྱིན་ཡོད།དེ་བས་སློབ་ཡུན་ལོ་དྲུག་གི་རིང་ལ་སློབ་ཆུང་གི་དེབ་བཅུ་གཉིས་རྫོགས་པའི་སྟེང་སློབ་འབྲིང་གི་རྩིས་རིག་དེབ་དྲུག་པོ་ཚར་ཅི་ཐུབ་བྱེད་ཀྱིན་ཡོད།
རྒྱའི་སྐད་ཡིག་གི་སློབ་ཁྲིད་བཀོད་སྒྲིག
རྨང་གཞིའི་རིམ་པ།
དངོས་གཞི་འཛིན་གྲྭར་མི་དམངས་སློབ་གསོའི་དཔེ་སྐྲུན་ཁང་གིས་པར་ཏུ་བཏབ་པའི་རྒྱའི་སྐད་ཡིག་དང་སྐད་ཆ་ཁྲིད།
དམའ་རིམ་འཛིན་གྲྭར་མི་དམངས་སློབ་གསོའི་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་རྒྱའི་སྐད་ཡིག་དང་སྐད་ཆ་ཁྲིད་པ་དང་། ༼སློབ་བུའི་བསླབ་བྱ་༽(弟子规)ཁྲིད།
འབྲིང་རིམ་འཛིན་གྲྭར་མི་དམངས་སློབ་གསོའི་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་རྒྱའི་སྐད་ཡིག་དང་སྐད་ཆ་ཁྲིད་པ་དང་། ༼སློབ་བུའི་བསླབ་བྱ་༽(弟子规)ཁྲིད།
ཆེད་ལས་རིམ་པ།
མཐོ་རིམ་དང་བོར་མི་དམངས་སློབ་གསོའི་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་རྒྱའི་སྐད་ཡིག་དང་སྐད་ཆ་སློབ་པ་དང་། ༼འབྲུ་གསུམ་བསྟན་བཅོས་༽ཀྱི་སློབ་དེབ་ཁྲིད།
མཐོ་རིམ་གཉིས་པར་མི་དམངས་སློབ་གསོའི་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་རྒྱའི་སྐད་ཡིག་དང་སྐད་ཆ་སློབ་པ་དང་། ༼འབྲུ་གསུམ་བསྟན་བཅོས་༽ཀྱི་སློབ་དེབ་ཁྲིད།
མཐར་ཕྱིན་འཛིན་གྲྭར་མི་དམངས་སློབ་གསོའི་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་རྒྱའི་སྐད་ཡིག་དང་སྐད་ཆ་སློབ་པ་དང་།༼འབྲུ་གསུམ་བསྟན་བཅོས་༽གྱི་སློབ་དེབ་ཁྲིད།
དབྱིན་ཡིག་གི་སློབ་ཁྲིད་བཀོད་སྒྲིག
དམའ་རིམ་འཛིན་གྲྭ་ལ་༼དབྱིན་ཡིག་རྨང་གཞིའི་སློབ་དེབ་༽དང་། འབྲིང་རིམ་དང་མཐོ་རིམ་འཛིན་གྲྭ་ཁག་ལ་༼དབྱིན་སྐད་ལ་འཇུག་པའི་སྒོ་༽དེབ་དང་བོ་ཁྲིད། མཐོ་གཉིས་དང་མཐར་ཕྱིན་འཛིན་གྲྭ་ཁག་ལ་༼དབྱིན་ཡིག་བློ་གསལ་འཇུག་ངོགས་༽དང་༼དབྱིན་ཡིག་སློབ་དེབ་༽བཅས་ཁྲིད།
དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭའི་སློབ་ཁྲིད་བཀོད་སྒྲིག
མཐོ་གཅིག་ཆེད་སྦྱོང་ལ་ཐ་སྙད་གསར་བའི་དབྱིན་ཡིག་དེབ་དང་བོ།༼དབྱིན་ཡིག་རྨང་གཞིའི་བརྡ་སྤྲོད་༽དེབ་དང་བོ། ༼དབྱིན་ཡིག་ཁ་བརྡའི་སློབ་དེབ་༽བཅས་ཁྲིད། མཐོ་གཉིས་ཆེད་སྦྱོང་ལ་༼དབྱིན་སྐད་ལ་འཇུག་པའི་སྒོ་༽དེབ་གཉིས་པ་དང་༼དབྱིན་ཡིག་བརྡ་སྤྲོད་༽དེབ་གཉིས་པ། མཐར་ཕྱིན་ཆེད་སྦྱོང་ལ་ཐ་སྙད་གསར་བའི་དབྱིན་ཡིག་དེབ་གསུམ་པ་དང་༼ཕས་བུ་ མོར་སྤྲིངས་པའི་འཕྲིན།༽༼དབྱིན་ཡིག་བརྡ་སྤྲོད་༽དེབ་གསུམ་པ་བཅས་ཁྲིད་དོ། །