༢༠༢༠ལོའི་འཁྲུངས་སྟོན་སྐབས་ཀྱི་དགེ་རྒན་འཇིགས་མེད་རྒྱལ་མཚན་གྱི་གསུང་བཤད།

2020.11.15ཉིན་གྱི་སྔ་དྲོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྨད་དུ་ཤེས་རིག་ནོར་བུའི་སློབ་གླིང་བཙུགས་ནས་ལོ་འཁོར་ཉེར་དྲུག་ལོན་པའི་འཁྲུངས་སྟོན་གྱི་རིག་རྩལ་སྤྲོ་ཚོགས་ཆེན་མོ་དངོས་སུ་འགོ་བརྩམས་པ་དང་། ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་བཛྲ་ཚུལ་ཁྲིམས་རྒྱ་མཚོ། ལྡོང་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་གཙོས་དགེ་སློབ་སྟོང་ལས་བརྒལ་བ་དངོས་སུ་ཟབ་ཞུགས་བྱས་ཡོད་པ་དང་། ས་གནས་སོ་སོའི་ལྟད་མོ་བ་མང་བོ་ཞིག་ཀྱང་དངོས་སུ་ཟུར་ཞུགས་བྱས་ཡོད། ཚོགས་འདུའི་གོ་རིམ་བཞིན་གླུ་དང་རྡུང་ལེན། ཁ་ཤགས་དང་གར་ཆུང་།
ཞབས་བྲོ། སློབ་དཔོན་ཐོན་མིའི་རྣམ་ཐར་སོགས་འཁྲབ་སྟོན་བྱས་པའི་མཚམས་སུ།
སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་གསུང་བཤད་གལ་ཆེན་གནང་།
ཁོང་གིས་གསུངས་དོན། ངས་སློབ་གྲྭ་བསྒྲུབས་པའི་རྒྱུ་མཚན་ནི།
ཏང་གི་སློབ་གསོའི་ལམ་ལུགས་ཀྱི་རྨང་གཞིའི་སྟེང་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་སློབ་མ་སྐྱེད་སྲིང་བྱ་བའི་ཆེད་དུ་ཡིན་པ་དང་།
སློབ་མ་སྐྱེད་སྲིང་བྱ་བའི་དམིགས་ཡུལ་ནི་ཕན་སེམས་ཀྱི་སྒོ་ནས་ས་གནས་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པའི་མི་སྣ་སྐྱེད་སྲིང་གི་ཆེད་དུ་ཡིན།
ཞེས་དང་། ངས་ཚོང་ལས་ལ་སྣེ་ཁྲིད་བྱེད་པ་ནི། སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་ཆེད་དུ་ཡིན་པ་དང་། སྤྱི་ཚོགས་འཕེལ་རྒྱས་སུ་སོང་ན་མི་རིགས་ཤིག་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་།
མི་རིགས་ཤིག་དར་རྒྱས་གོང་འཕེལ་དུ་སོང་ན་རྒྱལ་ཁབ་ཅིག་སྟོབས་འབྱོར་མངའ་ཐང་ཅན་དུ་འགྲོ་བའི་ཆེད་དུ་ཡིན་ཞེས་གསུང་བཤད་གནད་དུ་འཁེལ་བ་གནང་ཞིང་། མཚོ་སྔོན་རྭ་ལོ་མཐུན་གཉེར་ཁང་གིས་དྲ་ལམ་བརྒྱུད་ནས་ཐད་གཏོང་བྱས་པ་བཅས་ཀྱིས་ཐེངས་འདིའི་བྱ་འགུལ་བདེ་བླག་ངང་མཇུག་བསྡུས།