སྨན་པ་ཏིང་འཛིན།

༄༅། །གསོ་རིག་རབ་འབྱམས་སྨྲ་བ་མགོ་ལོག་དབང་ཆེན་འབུམ་གྱི་སྨན་རམས་པ་སློབ་དཔོན་ཏིང་འཛིན་ལགས་ཀྱི་མཚམས་སྦྱོར་གནད་བསྡུས།

      གསོ་རིག་རབ་འབྱམས་སྨྲ་བ་སློབ་དཔོན་ཏིང་འཛིན་ལགས་ནི། མདོ་ཁམས་མགོ་ལོག་དབང་ཆེན་འབུམ་དུ་རབ་ཚེས་ས་སྤྲེལ་ཏེ། ཕྱི་ལོ་༡༩༥༥ལོར་འཁྲུངས། སྐུ་ན་ཆུང་བའི་དུས་ནས་ཕྱུགས་འཚོ་སྐྱོང་གི་ཞོར་དུ་ཡི་གེའི་སྦྱོར་ཀློག་ལ་རང་སྦྱོང་གནང་། ཚད་ལྡན་གྱི་བཤེས་གཉེན་དུ་མའི་མདུན་ནས་སུམ་རྟགས་སྙན་ངག་དང་། སྐར་ནག་རྩིས་རིག ནང་དོན་རིག་པ་སོགས་ལ་སྦྱང་བ་མཐིལ་ཕྱིན་མཛད། ཁྱད་པར་དུ་རྗེས་འཛིན་གསོ་དཔྱད་ཀྱི་བསྟན་པར་ཐུགས་འདུན་ཟབ་ཅིང་ཆུང་དུས་ནས་འཇིག་རྟེན་མཐུན་སྣང་དུ་རྩ་བལྟ་སྨན་སྦྱིན་སོགས་ཀྱི་མཛད་སྤྱོད་ཡོད་ཚུལ་ཁོང་འཁྲུངས་སའི་རྒན་རབས་པ་ཀུན་ཀྱི་ངག་རྒྱུན་དུ་ད་ལྟའི་བར་མ་ཉམས་པར་རླུང་ལྟར་དུ་གྲགས། ལྷན་སྐྱེས་ཀྱི་མཁྱེན་དཔྱོད་ཡངས་ཤིང་ཤེས་བྱའི་གནས་གང་ལའང་གཟིགས་པ་ཙམ་གྱིས་ཁོང་དུ་ཆུབ་པས་ཁོང་གི་སློབ་དཔོན་དང་མཆེད་གྲོགས་ཡོངས་ཀྱིས་བསྔགས་བརྗོད་ཀྱི་རོལ་དབྱངས་མི་ཁྲོལ་བ་མེད། དེ་ཡང་གཉགས་ཆེན་ཛྙཱ་ན་ཀུ་མའི་སྐྱེ་སྲིད་བཅུ་བདུན་པ་དུས་མཐའི་གཏེར་ཆེན་ཁམས་གཙང་འབྲུག་རྒྱལ་རིན་པོ་ཆེ་དང་། ཆོས་རྗེ་ས་ཡི་ཚངས་པ་ཆེན་པོ་གནས་ལྔ་རིག་པའི་པཎྜི་ཏ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རྣམ་འཕྲུལ་སྟག་བླ་འཇིགས་མེད་ཐུབ་བསྟན་རྣམ་རྒྱལ་གྱི་དངོས་སློབ་གཙོ་བོ་ངང་བ་སྨན་པ་དཔལ་མགོན་གྱི་གཙོས་བྱང་ཟུར་རིས་མེད་ཀྱི་སློབ་དཔོན་དུ་མ་ཐུན་མོང་དང་ཐུན་མིན་གྱི་སྒོ་ཀུན་ནས་བཤེས་སུ་བསྙེན་ཏེ་བོད་ལུགས་གསོ་རིག་ལས་སྲིད་ན་དཀོན་པའི་མཐོང་བརྒྱུད་ལག་ལེན་དང་གཞུང་ལུགས་གནད་དགྲོལ་གྱི་གདམས་པས་ཐུགས་རྒྱུད་གཏམས། ར་སྐོར་མཁན་པོ་ཐུབ་ནོར་གྱི་དྲུང་ནས་མདོ་སྔགས་གཉིས་ཀྱིས་བསྡུས་པའི་ནང་དོན་རིག་པ་སོགས་ལ་ཐོས་བསམ་གནད་སྨིན་མཛད། ཨ་ཀྱཱ་བླ་མ་ཀརྨ་ཆོས་འཕེལ་ལས་གཡུ་ཐོག་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ་དང་། སྡེ་སྲིད་རིན་པོ་ཆེ་ནས་བརྒྱུད་པའི་བྱང་ལུགས་ཀྱི་བཙོ་ཐལ་དང་རིན་ཆེན་རིལ་བུའི་ལག་ལེན་སོགས་མནོས། མཁན་རྒན་མུན་སེལ་རིན་པོ་ཆེ་ལས་མཐར་ཐུག་དོན་གྱི་གདམས་པ་འོད་གསལ་རྫོགས་པ་ཆེན་པོ་རང་བྱུང་རིག་པ་རང་ཤར་གྱི་གདམས་ཟབ་དང་། གསོ་དཔྱད་ཀྱི་མན་ངག་དུ་མ་མནོག་ཆོས་སུ་བཞེས།

      ཕྱི་ལོ་༡༩༩༢ལོར་ཁོང་གི་འཁྲུངས་ཡུལ་མགོ་ལོག་དར་ལག་རྫོང་དུ་གོང་རིམ་མགོ་ཁྲིད་ཀྱི་ཆོག་མཆན་དང་མཛུབ་སྟོན་འོག་རྫོང་བོད་སྨན་ཁང་གསར་འཛུགས་གནང་སྟེ་དེ་གའི་ནད་པ་མང་པོ་ཟུག་རྔུའི་ཁྲི་མུན་ལས་བསྐྱབས།

ཁོང་གིས་སྲོལ་རྒྱུན་གསོ་རིག་འབུམ་རམས་པ་དང་། དགེ་རྒན་ཆེན་མོ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཟུར་ཞུས་སློབ་དཔོན། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གདན་ཞུའི་སློབ་དཔོན་སོགས་ཀྱི་ཐོབ་རྟགས་ཀྱང་བཞེས་ཡོད།

       ཁོང་གི་སྐུ་ཚེ་གང་བོར་རྗེ་བཙུན་གཡུ་ཐོག་པའི་བླ་རྣམ་དང་གསང་སྒྲུབ་ཉམས་ལེན་སོགས་ཐུགས་དམ་གྱི་མཐིལ་དུ་མཛད་པས་གཞུང་ལུགས་དཀའ་གནད་དང་། ནད་ཐོག་ངོས་འཛིན་གྱི་དཀའ་ཁེག་དང་འཕྲད་ཚེ་ཚེགས་མེད་དུ་རྟོགས་པ་སོགས་བསྒྲུབ་འབྲས་མངོན་དུ་སྣང་བའི་ངོ་མཚར་གྱི་གྲུབ་རྟགས་ཧ་ཅང་མང་། གཞན་དེང་དུས་སུ་སྣང་ལ་མ་ངེས་པའི་ནད་རིགས་དང་། ནག་པོ་སུམ་སྒྲིལ། ཡ་མ་ཀླད་གཟེར། མེ་ལྕེ་འཁོར་ལོ། ལྷོག་པ་ནག་པོ། འཛུམ་བུ་ལྟག་དགྱེ། གཉན་སྲིན་ནག་པོ། གཉན་ངམ་རུ། གཉན་རྨེན་བུ། གཉན་འབྲས་སོགས་ཀྱི་ཐད་ལ་གཞན་ལས་ཁྱད་དུ་འཕགས་པའི་བཅོས་ཐབས་དང་མན་ངག་གིས་ཕྱུག་པས་ཉམ་ཐག་དབུགས་ཀྱི་རྒྱུ་བ་འགགས་ལ་ཉེ་བའི་ནད་པ་འབུམ་ཕྲག་དུ་མར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བསྩལ་པ་ཐེངས་གཅིག་མིན།

       དེ་ལྟར་བྲེལ་ཟིང་ཆེ་བའི་སྨན་དོན་ཕྱག་ལས་ཀྱི་ཞོར་དུ་མིའི་ལུས་ཁམས་ཀྱི་གྲུབ་ཆ་དང་། རང་བྱུང་ཁོར་ཡུག་གི་ས་ཆུ་རི་བྲག་སྐྱེ་དངོས་སོགས་ཀྱི་གནས་ལུགས་ལ་དཔེ་ཐོག་བྲོ་རྡུང་ཙམ་མ་ཡིན་པར་དངོས་ཐོག་བདེན་འཚོལ་གྱིས་དཔྱད་པ་གནང་བས་བསམ་མི་ཁྱབ་པའི་ཞིབ་འཇུག་གི་གྲུབ་འབྲས་ཕོན་ཆེན་རྙེད།

ཁྱད་པར་དུ་གཞན་ཕན་རྗེས་གསོ་བ་རིག་པའི་ཐད་ལ་ནི་བཀའ་དྲིན་བླ་ལྷག་ཏུ་ཆེ་སྟེ།

༡༽ དེ་ཡང་མི་ལོ་སུམ་བརྒྱ་ཡས་མས་ཙམ་ནས་རྒྱུད་འགྲེལ་མཁན་པོ་རྣམས་ཀྱིས་རྔོ་མ་ཐོགས་པའི་མན་རྒྱུད་མཚོན་རྨ་གསོ་བ་ལས་གཉེན་པོའི་བཅོས་དགུའི་ཡ་གྱལ་དེབ་ཆིངས་སྒྱོགས་ཀྱི་ལག་ལེན་ཉིད། གཡུ་ཐོག་ཆ་ལག་བཅོ་བརྒྱད་ཀྱི་ལག་ལེན་དམར་ཁྲིད་ཡིག་ཆུང་དང་དཔལ་ལྡན་རྒྱུད་ཀྱི་དགོངས་པ་གཞིར་བཟུང་སྟེ་དཔྱད་པ་ཞིབ་མོས་ཞིབ་མཇུག་མཐའ་འཁྱོལ་གནང་ནས་སླར་ཡང་གངས་ཅན་གསོ་དཔྱད་བསྟན་པའི་ལྷ་ལམ་དུ་སྨན་ཐང་གསར་བྲིས་དང་ཁྲིད་རྒྱུན་ཉམས་གསོ། ལག་ལེན་དམར་ཁྲིད་ཀྱི་ཉི་གཞོན་གསལ་བར་མཛད།

༢༽ སྔར་སློབ་དཔོན་པདྨ་འབྱུང་གནས་དང་གཡུ་ཐོག་ཡོན་ཏན་མགོན་པོ་སོགས་ཀྱིས་ཕྱི་འབྱུང་བ་ལུས་འཁྲུགས་གེགས་སེལ་གྱི་གདམས་པར་གསུངས་པའི་རྡོ་རྗེ་དབྱུག་པའི་མན་ངག་གི་ལག་ལེན་གྱི་སྲོལ་ག་སླར་གསོ་གནང་ནས་དར་ཁྱབ་ཏུ་སྤེལ།

༣༽བོད་ཀྱི་གསོ་དཔྱད་ལོ་རྒྱུས་ཐོག་དཔལ་ལྡན་རྒྱུད་བཞིའི་དགོངས་པ་བཀྲལ་བར། ས་བབས་དང་ཡུལ་དུས་ཀྱི་དབང་གིས་བྱང་ཟུར་གཉིས་སུ་གྲགས་པ་ལས། བྱང་ལུགས་བརྒྱུད་འཛིན་པ་སྡེ་སྲིད་རིན་པོ་ཆེ་ནས་བརྒྱུད་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་བུའི་ལག་ལེན་གྱི་གདམས་ཟབ་ཆད་ཁ་མར་གྱུར་པ་སྐུ་ཉིད་ཀྱིས་དངོས་སུ་དབུ་འཛིན་གནང་ནས་དར་སྤེལ་གྱི་མཛད་བཟང་བསྐྲུན།

༤༽དཔལ་ལྡན་རྒྱུད་བཞིར་ལག་ལེན་སུམ་བརྒྱ་དྲུག་ཅུའི་ལོག་གནོན་དུ་གསུངས་པའི་དབུག་པ་ཐུར་མའི་ལག་ལེན་གྱི་རྒྱུན་ཉམས་པ་དེ་ཉིད་ཀྱང་། ཁོང་གི་རྣམ་དཔྱོད་རིག་པ་ཞིབ་མོས་དཔལ་ལྡན་རྒྱུད་བཞི་དང་སྨན་དཔྱད་ཟླ་བའི་རྒྱལ་པོའི་ཐུར་ལེའི་དགོངས་དོན་སྦྲགས་ཏེ། ཇི་སྐད་དུ་རྗེ་གཡུ་ཐོག་པས། གཞུང་བཞིན་སྤྱོད་དང་བསླུས་ན་ང་རང་ཤེས། །ཞེས་པའི་རྡོ་རྗེའི་ཚིག་ལ་དད་དམ་ཡིད་ཆེས་བརྟན་པོའི་སྒོ་ནས་ཚུལ་བཞིན་ཉམས་བཞེས་བགྱིད་པས། ཐུར་གསང་བརྒྱ་དང་བཅུའི་ལག་ལེན་བདེ་བླག་ངང་ལག་བསྟར་དུ་བྱེད་ཐུབ་པ་བྱུང་བས། མ་འོངས་པར་རང་རེ་རྣམས་ཀྱིས་ཀྱང་དཔེ་ཐོག་གི་བྲོ་རྡུང་གི་ལས་ཀ་རིང་དུ་བསྐྱུར་ནས་ཁ་བཤད་དོན་གནས་ཀྱི་ཡུལ་དུ་བྱེད་ཆོག་པར་མཛད།

༥༽ གཡུ་ཐོག་ཡོན་ཏན་མགོན་པོའི་ཐུན་མིན་གསང་བའི་མན་ངག་ཚེ་གཅིག་འོད་སྐུར་གྲོལ་བའི་གདམས་པ་ཐེག་དགུའི་རྩེ་རྒྱལ་མ་དང་མཁའ་འགྲོའི་སྙིང་ཁྲག་འོད་གསལ་རྫོགས་པ་ཆེན་པོ་གདམས་ངག་གཡུ་ཐོག་སྙིང་ཐིག་གི་རྩ་རླུང་ཐིག་ལེའི་ཟབ་ཁྲིད་ཀྱི་བཀའ་རྒྱ་ལྷུགས་པོར་བཀྲལ་ནས་རྗེས་འཇུག་སྣོད་ལྡན་སློབ་བུའི་སྐྱེས་སུ་བསྩལ་ཏེ་ཁྲིད་རྒྱུན་དར་སྤེལ་དུ་བཏང་།

༦༽ གསོ་དཔྱད་བསྟན་བཅོས་ཀུན་ཀྱི་ཉིང་བཅུད་འདུས་པ་སྨན་དཔྱད་ཟླ་བའི་རྒྱལ་པོའམ་སོ་མ་རཱ་ཛཱའི་གཞུང་གི་དཀའ་འགྲེལ་མཛད་དེ་ཁྲིད་རྒྱུན་སླར་གསོ་གནང་བས་གངས་ཅན་གསོ་དཔྱད་ཀྱི་རིག་པའི་གཟི་མདངས་སྔར་ལས་རྒྱས་པར་མཛད།

༧༽ དེང་དུས་སུ་དར་ཁྱབ་ཆེ་བའི་མ་ངེས་ནད་སྣ་དུ་མ་སྟེ། སྨན་སྦྱོར་ཁོ་ནའི་བཅོས་སྐྱེད་ཞན་པའི་ཀུན་བརྟག་གདོན་གྱི་ནད་དང་འབྲེལ་བའི་དཔྱད་གཏམ་རྩ་ཆེན་དང་། རྟེན་འབྲེལ་མཁྱུད་དཔྱད་ཀྱི་གདམས་པ་དུ་མ་ཕྱོགས་བསྒྲིགས་མཛད་དེ་དུས་དར་གྱི་ནད་ཡམས་རིགས་ལ་མི་འཇིགས་པའི་དཔའ་གདེང་བསྩལ།

༨༽ ལུས་ཀྱི་གནས་ལུགས་གྲུབ་ཆའི་ཐད་ལ་མདོ་སྡེ་དཀོན་ཅོག་བརྩེགས་པ་དང་དཔལ་ལྡན་རྒྱུད་ཀྱི་དགོངས་དོན་ལྟར་རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུའི་ངོས་འཛིན་དང་། སློབ་དཔོན་དཔའ་བོའི་ཡན་ལག་བརྒྱད་པ་དང་རྒྱུད་ཀྱི་དགོངས་དོན་སྦྲགས་པའི་རྒྱུས་པ་དགུ་བརྒྱ་ངོས་འཛིན། དཔལ་ལྡན་རྒྱུད་བཞི་དང་སོ་མ་རཱ་ཛཱ་སོགས་ཀྱི་དགོངས་དོན་བཞིན་རྩ་རགས་པ་སུམ་བརྒྱ་དྲུག་ཅུ་དང་། རྩ་ཕྲན་བདུན་བརྒྱའི་ངོས་འཛིན་སོགས་ཁ་བཤད་ཙམ་མིན་པར་ལག་ལེན་དོན་ཐོག་ཏུ་འཁྱོལ་ཏེ་དམར་ཁྲིད་མཛུབ་ཚུགས་སུ་བཀྲལ་བ་ནི། སྔ་འགྲེལ་མཁན་པོ་དག་གི་རྣམ་དཔྱོད་ཀྱིས་མ་ཁྲོལ་བའི་བསིལ་ལྡན་གསོ་དཔྱད་བསྟན་པའི་ལུས་ཁམས་རིག་པའི་ཁ་སྐོང་བླ་ན་འཕགས་པ་ཞིག་མ་ཡིན་ནམ།

      ད་དུང་མིའི་རིགས་ཀྱི་འབྱུང་ཁུངས་དང་ས་གནས་སོགས་ལ་ཞིབ་འཇུག་གནང་སྟེ་སྔ་རབས་བོད་ཀྱི་ལོ་རྒྱུས་ཀྱི་འདོད་ཚུལ་སོགས་ལས་ཐོད་བརྒལ་རང་བཞིན་གྱི་དཔྱད་སྒོ་དུ་མ་གསར་འཚོལ་བྱས། དེ་བཞིན་དུ་ཕྲ་བ་སེམས་དང་རགས་པ་ལུས་ཀྱི་ནད་སོགས་ལས་འཕྲོས་པའི་དཔྱད་སྒོ་དུ་མ་དེང་རབས་ཚན་རིག་སྨྲ་བ་དག་གི་གདོང་ནས་ཀྱང་རང་ལུགས་ཡོད་པའི་ཐོག་ཕུལ་བྱུང་གི་གོ་གནས་འཛིན་ཐུབ་པའི་བཤད་སྟངས་དང་། ལག་ལེན། ལྗགས་རྩོམ་དུ་མ་གསར་སྤེལ་མཛད། གཞན་གསུང་རྩོམ་གྱི་སྐོར་ལ།

ལུས་ཀྱི་གནས་ལུགས་གྲུབ་ཆ་དང་དེབ་ཆིངས་སྒྱོགས་ཀྱི་དཔེ་རིས་དམར་ཁྲིད་མཛུབ་ཚུགས་སུ་བསྟན་པ་སྨན་ཐང་བརྒྱད་ཅུ་རྩ་དགུ་དང་།

དཔལ་ལྡན་རྒྱུད་ཀྱི་དཀའ་གནད་འགའ་ལ་དཔྱད་པའི་གཏམ་བརྒྱད་ཅུ་རྩ་བཞི་པ་དུས་རབས་གསར་བའི་གོམ་སྟབས།

སའི་གོ་ལའི་དཔྱད་རྩོམ་རང་འདོད་སེམས་ཀྱི་རི་མོ།

བོད་མི་རིགས་ཀྱི་བྱུང་འཕེལ་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་དཔྱད་རྩོམ་སྦྲང་ཆུང་འུར་སྒྲོག

བོད་ལུགས་གསོ་རིག་གི་སྐོར་ལ་རྒྱལ་ཕྱི་ནང་གི་དྲིས་ལན་རྒན་པོ་འཇིགས་པའི་འདར་སྐད།

ཆ་ལག་བཅོ་བརྒྱད་ལས་ལག་ལེན་དམར་ཁྲིད་ཀྱི་ཡིག་ཆུང་ལས་དེབ་ཆིངས་སྒྱོགས་གསུམ་དམར་ཁྲིད་ཀྱི་ཚིག་འགྲེལ་གནག་རྫི་རྒན་པོའི་ཨམ་གཙིགས།

རྩ་རགས་པ་སུམ་བརྒྱ་དྲུག་ཅུ་དང་རྩ་ཕྲན་བདུན་བརྒྱའི་ངོས་འཛིན་སྔོན་མེད་གསར་བྱུང་གི་དྲིས་ལན།

གདོད་མའི་བོད་ཀྱི་རྡོ་ཆས་ཀྱི་རིགས་པ་ལས་འཕྲུལ་བའི་རྡེལ་རྩིས་དམངས་ཁྲོད་རྒན་པོའི་ངག་རྒྱུན།

འཚོ་བྱེད་གཞོན་སྐྱེས་རྣམས་ལ་གདམས་པའི་དཔྱད་རྩོམ་བོད་ཀྱི་གསོ་བ་རིག་པའི་རང་ལམ་བསྟན་པའི་སྒྲོན་མེ།

ཆགས་སྲིད་འབྲེལ་བའི་རྩ་རོ་རྐྱང་དབུ་གསུམ་གྱི་གནད་བསྡུས་པའི་དཔྱད་གཏམ།

བོད་ལུགས་གསོ་བ་རིག་པའི་གདོད་ནད་གསོ་བའི་སྐབས་ཀྱི་ཁྱད་ཆོས་དེང་རབས་རིག་པའི་བདེན་དཔང་།

སྨན་དཔྱད་ཟླ་བའི་རྒྱལ་པོའི་འགྲེལ་ཆེན་ལྷག་བསམ་ཟླ་བ་དཀར་པོའི་ཟེར་མདངས་སོགས་དཔྱད་རྩོམ་བརྒྱ་ཕྲག་ལྷག་ཅིག་གངས་ཅན་རྩོམ་རིག་གི་གར་སྟེགས་མཛེས་པའི་དཔྱིད་དུ་བསྩལ་ཡོད།

དེ་མིན་ཁོང་གི་རླབས་ཆེན་གྱི་བྱ་གཞག་གི་བར་གསེང་རྣམས་ལ། བོད་སྨན་སྡེ་ཁག་གཙོ་བོར་གྱུར་པའི་བོད་ལྗོངས་གསོ་རིག་སློབ་ཆེན་དང་། མཚོ་སྔོན་གསོ་རིག་སློབ་ཆེན། རྒྱལ་ཡོངས་བོད་ལུགས་གསོ་རིག་ཞིབ་འཇུག་ལྟེ་གནས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སོགས་བོད་ཁུལ་གྱི་ས་གནས་ཕལ་ཆེར་ཞིག་ལ་ཕྱག་ཕེབས་གནང་ནས་གངས་ཅན་གསོ་དཔྱད་པའི་རྒྱུན་འཛིན་གྱི་དཔུང་སྡེ་མང་པོར་གསོ་དཔྱད་དང་འབྲེལ་བའི་གཞུང་ལུགས་ལག་ལེན་གྱི་ཟབ་ཁྲིད་དང་། དཀའ་གནས་དོགས་ལན། བོད་སྨན་སློབ་གསོའི་བཀའ་དྲིན་བསྐྱངས། མདོར་ན་ནམ་རྒྱུན་དོན་མེད་ཀྱི་འདུ་འཛིར་སྐད་ཅིག་ཀྱང་མི་གཡེང་པར་གངས་ཅན་གསོ་བ་རིག་པའི་བསྟན་དོན་ལ་ཤ་ཐང་དུ་འབད་དེ་ནམ་རྒྱུན་ཉིན་ཞག་ཕྲུགས་གཅིག་ལ་དུས་ཚོད་གསུམ་ནས་བཞི་ཙམ་མ་གཏོགས་ངལ་གསོ་མི་མཛད་པར་ཐུགས་སྟོབས་ཆེན་པོས་དཔེ་གཟིགས་དང་ཉམས་ལེན་གཅིག་དྲིལ་དུ་མཛད། ཇི་སྐད་དུ། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་ངང་གིས་འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པ་ལྟར་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་མཁན་སྤྲུལ་དགེ་བའི་བཤེས་གཉེན་དང་། འཚོ་བྱེད་པ། དགེ་རྒན། ཞིབ་འཇུག་པ། སློབ་མ་སོགས་བརྒྱ་ཕྲག་གི་གྲངས་ལ་ཉེ་བར་ཉིན་རྒྱུན་ཆད་མེད་དུ་གཞུང་ལུགས་བསེད་འགྲོལ་དང་། ནད་ཐོག་ལག་ལེན་གྱི་གདམས་བཟང་གི་རྒྱུན་སྤེལ་དང་སྤེལ་མུས་སུ་སྐུ་འཚོ་ཞིང་བཞུགས་པ་ལགས་སོ། །

སླར་སྨྲས་པ།

རབ་ཡངས་ཤེས་བྱའི་ཕ་མཐར་མི་དམིགས་མོད། །

ཁྱེད་ཐུགས་ཀློང་ན་ཕྱོགས་སུ་ལྷུང་ལྟར་རྫོགས། །

བསམ་ཞིང་བསམ་ཚེ་གྲུབ་ཆེན་གུ་ཎ་རྗེ། །

སླར་ཡང་བདག་གམ་ལྷགས་མིན་འཕྱང་མོ་ཉུག །

 

སྔོན་བྱོན་མཁས་གྲུབ་ཁྲི་མ་འབུམ་པའི་སྡེའི། །

རྣམ་དཔྱོད་ལན་བརྒྱར་བསྲུབས་ལས་མ་རྙེད་པའི། །

ཡང་དག་རིགས་པའི་གནད་གསང་མན་ངག་ཞུན། །

མཁྱེན་རབ་དཔའ་བོས་འདོམས་ལས་གཞན་གྱིས་མིན། །

 

རྒྱ་བོད་གསོ་དཔྱད་ལྷ་ལམ་ཡངས་པོའི་ཁྱོན། །

མཁྱེན་རབ་མཁའ་ལྡིང་རླབས་ཀྱིས་གཅོད་པ་ན། །

འདབ་ཆགས་རིག་སྨྲའི་ཐུལ་ཕྲན་འཇིག་དོགས་ནས། །

རེ་ཞིག་བྲག་སྐྱིབས་འཁུམས་ལས་ཐབས་གཞན་ཅི། །

 

བསྐལ་བར་བསགས་པའི་ཚོགས་གཉིས་ནོར་བུའི་གཟི། །

ཉམ་ཐག་གདུལ་བྱའི་སྲོག་གི་མི་འཇིགས་སྦྱིན། །

ཚེ་ཡི་རིག་བྱེད་བརྒྱད་ལྡན་གངྒའི་ཆབ། །

བསྐྱིལ་མཛད་རིག་པའི་དཔའ་བོར་ཡུན་བརྟན་ཤོག །

ཅེས་བཅུ་བདུན་ཤིང་ལུག་ལོའི་ནག་ཟླའི་དཀར་ཕྱོགས་དགའ་བ་གཉིས་པར་སྙོམས་ལས་པ་བ་རོད་ཐུབ་བསྟན་བསྟན་པའི་རྒྱལ་མཚན་གྱིས། ཕྱི་ལོ། ༢༠༡༥ ། ༤ ། ༢༩།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-30 ལྟ་ཀློག (19333)