དགེ་རྒན་དང་སློབ་མ་བསྡུ་ལེན་སྐོར།

དགེ་རྒན་དང་སློབ་མ་བསྡུ་ལེན་སྐོར། 

        མཐོ་སྒང་དུ་གནས་པའི་རོང་འབྲོག་གི་དཀའ་ངལ་ཆེ་བའི་བྱིས་པ་ཚོར་ཤེས་རིག་གི་ཞིང་ས་གཤིན་པོ་ཞིག་དང་མདུན་ལམ་གསར་བ་ཞིག་བསྐྲུན་དགོས་ན། ཆེས་མཁོ་གལ་ཆེ་བ་ནི་གནའ་དེང་རིག་པའི་གཞུང་ལུགས་ལ་མཁྱེན་རྒྱ་ཡངས་ཤིང་ལྷག་བསམ་མཆོག་ཏུ་དཀར་བའི་དགེ་རྒན་ལ་རག་ལས་ཕྱིར། སློབ་གཙོ་འཇིགས་མེད་རྒྱལ་མཚན་མཆོག་ཁོང་གི་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཁག་དང་།   སློབ་གྲྭ་ཆེ་འབྲིང་རྣམས་སུ་ཕེབས་ཏེ་མཁས་དབང་དུ་མ་ཞིག་གཏན་འཇགས་དང་སྐབས་ཞུའི་དགེ་རྒན་དུ་གདན་འདྲེན་ཞུས། གཏན་འཇགས་དགེ་རྒན་བཅུ་གཉིས་དང་།   སྐབས་ཞུའི་དགེ་རྒན་དྲུག་ཡོད་པ་དེ་དག་ཆོས་སྡེ་ཆེན་མོ་སེ་ར་ཐེག་ཆེན་གླིང་དང་། བླ་བྲང་བཀྲ་ཤིས་འཁྱིལ། རྔ་ཡུལ་སྒོ་མང་དགོན།  རྭ་རྒྱ་བཀྲ་ཤིས་འབྱུང་གནས་གླིང་།   མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ།   མཚོ་སྔོན་སློབ་གསོ་སློབ་གྲྭ་ཆེན་མོ། མགོ་ལོག་ཁུལ་དང་མཚོལྷོ་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་བཅས་ནས་ཕེབས་པཡིན་ཞིང་།  ཁོང་རྣམས་ཀྱིས་སྙན་གྲགས་དང་ཟླ་ཕོག་ལ་མ་བལྟས་པར་ལྷག་བསམ་གཙང་མའི་སློབ་བུ་རྣམས་བྱམས་ཀྱིས་བསྐྱངས་ཏེ།   སློབ་མ་རྣམས་ནི་མི་རིགས་ལ་དགའ་ཞེན་དང་མི་དམངས་ལ་གཅེས་སེམས་ཆེ་བའི་རྒྱལ་གཅེས་དམངས་ཕན་གྱི་གོ་རྟོགས་ལྡན་པར་མ་ཟད།  སྙིང་སྟོབས་དང་སྤོབས་སེམས་ལྡན་པ།   ཀུན་སྤྱོད་ལེགས་པ་སོགས་དཔལ་ཡོན་གཉིས་ལྡན་གྱི་དཔུང་ཁག་ཆེན་མོ་ཞིག་ཏུ་གྲུབ། སློབ་མ་བསྡུ་ལེན་ཐད་མི་རིགས་དང་སྐྱ་སེར་ལ་དབྱེ་བ་མེད་ཅིང་ས་ཆ་དང་ལོ་ཚད་ལ་ཚད་བཀག་མེད་པར་།   ད་ལྟ་ཤེས་རིག་ནོར་བུའི་སློབ་གླིང་དུ་རིག་པའི་གཞུང་ལུགས་མང་བོའི་བདུད་རྩི་ངོམ་མེད་དུ་རོལ་བཞིན་པའི་སློབ་མ་དགུ་བརྒྱ་ལྷག་ཡོད་ལ།   དེ་དག་ནི་མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ལྷ་ས་བཅས་ཞིང་ཆེན་བཞི་རུ་གཏོགས་པའི་མགོ་ལོག་ཁུལ།  མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ།   མཚོ་བྱང་ཁུལ།   ཡུལ་ཤུལ་ཁུལ།   རྨ་ལྷོ་ཁུལ། རྔ་བ་ཁུལ།   ཀན་ལྷོ་ཁུལ།   དཀར་མཛེས་ཁུལ་བཅས་བོར་རིགས་རང་སྐྱོང་ཁུལ་བཅུ་དང་། མཚོ་ཤར་ས་ཁུལ། ཀྲང་ཡེ་ས་ཁུལ་བཅས་ཀྱི་རྫོང་བཞི་བཅུ་ཞེ་གསུམ་ནས་ཡོང་བ་དང་མི་རིགས་ཀྱང་བོད་རིགས་དང་སོག་རིགས། རྒྱ་རིགས། ཧོར་རིགས་བཞི་རུ་འདུས། ད་དུང་སློབ་ཡོན་མི་བསྡུ་བར་མ་ཟད་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་དཀའ་ཁག་ཅན་ལ་འཚོ་བའི་གྲོན་དངུལ་དང་གྱོན་ཆས་སོགས་གང་ཐུབ་ཀྱིས་རོགས་སྐྱོར་བྱེད་བཞིན་ཡོད།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-28 ལྟ་ཀློག (21894)