སློབ་གྲྭ་འདི་འདྲ་ཞིག་ཀྱང་ཡོད།


 སློབ་གྲྭ་འདི་འདྲ་ཞིག་ཀྱང་ཡོད།

          སློབ་གྲྭ་འདི་འདྲ་ཞིག་ཀྱང་ཡོད་དེ། དེ་ནི་རྣར་ཡང་འགྲོ་དཀའ། སྔོན་ཆད་རྭ་རྒྱའི་སློབ་གྲྭ་ནིི་ཇི་ལྟ་བུ་ཞིག་ཡིན་ལུགས་ཀྱི་སྐད་ཆ་མང་བོ་ཐོས་མྱོང་མོད། མང་བོ་ཞིག་གིས་ལྷ་སྒྲུང་ལྟ་བུ་ཞིག་དང་ཡང་ན་རྟོག་བཏགས་ཀྱི་སློབ་གླིང་ཞིག་ལས་དོན་དམ་པར་རྭ་རྒྱའི་སློབ་གྲྭ་ནི་ཅིི་ལྟ་བུ་ཞིག་ཡིན་པ་ཤེས་མི་འདུག ལ་ལས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ནི་འཛམ་གླིང་སྟེང་གི་ཆེས་འབྱོར་ལྡན་ཞིག་ཡིན་ལུགས་དང་། ཡང་ལ་ལས་རྭ་རྒྱའི་སློབ་གྲྭ་ནི་ནང་བསྟན་སློབ་གྲྭ་ཞིག་ཡིན་ཟེར། ད་དུང་རྭ་རྒྱའི་སློབ་གྲྭ་ན་སློབ་གྲྭ་ཆེན་མོ་བའི་ལག་རྟགས་ཀྱང་སྟེར་གྱིན་ཡོད་རབས་དང་། རྭ་རྒྱའི་དགེ་རྒན་ཚོར་རྒྱལ་ཁབ་ཀྱིས་ཟླ་ཕོགས་སྟེར་གྱིན་ཡོད་རབས། ཨ་ཁུ་བཛྲ་ཚུལ་ཁྲིམས་ཚང་གིས་ད་སྐབས་རྭ་རྒྱའི་སློབ་གྲྭ་ལ་གནང་བ་ཞུས་ཏེ་ཕྱིར་ཕེབས་ཡོད་པས་དེང་ཕྱིན་དེར་ཕེབས་རྒྱུ་མིན་རབས་སོགས་ངེད་ཅག་སློབ་གྲྭ་རང་གི་དགེ་སློབ་དག་ལ་ཡང་རྒྱུས་མེད་པ་མང་བོ་ཞིག་བདེན་བདེན་གྱིས་བཤད་བཞིན་འདུག ངོ་མ་སྐད་ཆ་ལ་ལ་ཞིག་ཧ་ཅང་བདེན་ལ་སྐད་ཆ་ལ་ལ་ཞིག་ང་ཚོས་ཇི་ལྟར་འགྲེལ་བཤད་བྱེད་དགོས་པའང་མི་ཤེས། དེ་བས་ངས་ཁྱོད་ཚོར་རྭ་རྒྱའི་སློབ་གྲྭ་འདི་ཉིད་སྤྱི་སྡོམ་གྱི་ཚུལ་དུ་ངོ་སྤྲོད་ཅིག་ཞུ། 

        སློབ་གྲྭ་འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་བརྡལ་གྱི་ཉེ་འཁོར་ཏེ། ཨ་རིག་དགེ་བཤེས་ཆེན་མོའི་གདན་ས་ཁྱད་པར་ཅན་རྭ་རྒྱ་དགོན་པའི་ཉེ་འཁོར་དུ་དགོན་པ་དང་འདབས་འབྲེལ་ཏེ་ཆགས་ཡོད། འདི་ནི་༡༩༩༤ལོའི་ཟླ་༨ཚེས་༡༥ཉིན་མགོ་ལོག་ཁུལ་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་འོག་ནས་དངོས་སུ་འཛུགས་སྐྲུན་བྱས་ཤིང་། ལོ་དེའི་དགུན་གཞུང་སྟེ་སྤྱི་ཟླ་༡༢ཚེས་༡༥ཉིན་སློབ་གྲྭ་དངོས་སུ་དབུ་བརྙེས་པའི་མཛད་སྒོ་སྤེལ་ཏེ་སློབ་མ་བསྡུས་ཤིང་སློབ་ཁྲིད་གནང་། དེ་ནས་བཟུང་ད་ལྟའི་བར་སློབ་གྲྭའི་དུས་རྒྱུན་གྱི་འཁྲུངས་སྟོན་ཡང་ཟླ་ཚེས་འདི་ཁོ་ན་ལྟར་བརྩི་བཞིན་ཡོད། 

        སློབ་གྲྭ་འདི་ནི་སྒེར་བཙུ གས་སློབ་གྲྭ་ཞིག་ཡིན་ན་ཡང་སྒེར་གྱི་ཁེ་ཕན་གཉེར་བའི་དེང་དུས་ཀྱི་སྒེར་བཙུགས་སློབ་གྲྭ་གཞན་དག་དང་ཡེ་ནས་མི་འདྲ་བས། ཆེད་ལས་སློབ་གསོ་བ་མང་བོས་བསྔགས་བརྗོད་གནང་ཞིང་༢༠༠༣ལོར་པེ་ཅིན་ནས་ཆེད་དུ་མགོ་ལོག་གི་སློབ་གསོ་ལ་གཟིགས་ཞིབ་ཏུ་ཕེབས་པའི་སྐུ་ཞབས་ཨ་པུ་ཏའོ་སི་ཀྲང་ལགས་ཀྱིས་ལམ་བར་ནས་དངོས་སུ་སློབ་གྲྭ་ལ་བརྟག་ཞིབ་བྱས་ཏེ། མཐར་སློབ་གྲྭ་འདིས་སློབ་མའི་ལག་ནས་སློབ་ཡོན་སོགས་ཅི་ཡང་མི་ལེན་པར་མ་ཟད། འདིའི་ནང་གི་དགེ་རྒན་རྣམས་ཀྱང་ལྷག་བསམ་རྣམ་དག་གིས་མི་རིགས་སློབ་གསོའི་ལས་དོན་དང་དུ་ལེན་མཁན་འབའ་ཞིག་ཡིན་པ་ལས་ཟླ་ཕོགས་སྐར་མ་གང་ཡང་འབབ་རྒྱུ་མེད་པ་འདི་འདྲ་ཞིག་ད་ལྟ་ཧ་ཅང་མཐོང་དཀོན་པས། སློབ་གྲྭ་འདི་ལ་སྒེར་བཙུགས་སློབ་གྲྭ་ཟེར་བ་ལས་ཕན་བདེ་སློབ་གྲྭ་ཟེར་ན་འགྲིག་ཅེས་བསྔགས་བརྗོད་བྱས་ཤིང་། རིམ་པ་སོ་སོའི་སྡེ་ཁག་ལ་ཡང་དངོས་སུ་དེ་ལྟར་བསམ་ཚུལ་བཏོན་པས་མིང་ལའང་འཇིགས་མེད་རྒྱལ་མཚན་ཕན་བདེ་སློབ་གྲྭ་ཞེས་སུ་བསྒྱུར། 

        སློབ་གྲྭ་འདི་ལ་ཆེས་ཐོག་མར་སློབ་ཆུང་གི་ཆོག་མཆན་ཞིག་ལས་མེད་ལ། རིམ་གྱིས་དམའ་འབྲིང་དང་། དེ་ནས་མཐོ་འབྲིང་། ད་ལྟ་ཆེད་ལས་མཐོ་འབྲིང་དུ་བསྒྱུར་ཡོད། སློབ་གྲྭ་འདི་ལ་ཆེས་ཐོག་མར་སློབ་མ་གྱ་གཉིས་ལས་མེད་མོད། ད་ལྟ་སློབ་མ་སྟོང་ལ་བུད་ཡོད། 

       སློབ་གྲྭའི་ཁོར་ཡུག་དང་ལྕགས་རི་ཡོངས་རྫོགས་སློབ་གྲྭ་རང་གི་དགེ་སློབ་ཚོས་དངོས་སུ་ལག་འགུལ་ཏེ་བརྩིགས་པ་ཡིན་ལ། ཆེས་ཐོག་མའི་སློབ་ཁང་དང་། དགེ་རྒན་གྱི་གཟིམ་ཤག ད་དུང་སློབ་མའི་མལ་ཁང་སོགས་ཀྱང་མང་ཤོས་ཤིག་དགེ་སློབ་ཚོའི་རྔུལ་ཆུ་ལ་བརྟེན་ནས་བྱུང་བ་ཡིན། དེའི་རྐྱེན་གྱིས་དགེ་སློབ་སུ་ཡིན་ཡང་རང་གི་སློབ་གྲྭ་ལ་གཞན་དང་མི་འདྲ་བའི་དུང་བ་ཞིག་ཀྱང་ཡོད། སློབ་གྲྭ་འདི་ནི་ཐོག་མར་རྨིད་གྲུ་བཞི་མ༢༩༠ཙམ་གྱི་འཛུགས་སྐྲུན་ལས་མེད་ལ་རྗེས་སུ་རིམ་གྱིས་རྒྱ་ཇེ་ཆེར་གྱུར་ཏེ་ད་ལྟ་གླིང་སྟོད་སྨད་གཉིས་སུ་གྱེས་ཡོད་པའི་རྒྱ་ཁྱོན་ཧྲིལ་བོ་ལ་རྨིད་གྲུ་བཞི་མ་ཁྲི༣༣ལྷག་ཡོད།  འདི་ལྟ་བུའི་འཛུགས་སྐྲུན་འདི་དག་ཀྱང་སློབ་གྲྭ་རང་གིས་ཐབས་སྣ་ཚོགས་ཤིག་བཙལ་ཏེ་ཐག་གཅོད་བྱས་པ་ལས།   རྒྱལ་ཁབ་ཀྱི་རོགས་དངུལ་སོགས་ཅི་ཡང་ཐོབ་མ་མྱོང་། 

      སློབ་གྲྭ་འདི་ནི་སློབ་ཡུན་ལོ་དྲུག་ཏུ་བགོས་ཡོད་ལ། དེ་ཡང་སྡེ་ཚན་ཆེན་པོ་གཉིས་ཏེ་རྨིང་གཞིའི་སྡེ་ཁག་དང་། ཆེད་ལས་སྡེ་ཁག་བཅས་གཉིས་ཡོད་པའི་ཁྲིད་བྱ་ལས་བོད་ཡིག་སོགས་མང་ཤོས་སློབ་གྲྭ་རང་གིས་ཆེད་དུ་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པ་ཡིན་ལ། དེར་སྦྱོར་ཀློག་སློབ་དེབ་དང་། རྨང་གཞིའི་སློབ་དེབ། དག་ཡིག་སློབ་དེབ། བསྡུས་ཆུང་སློབ་དེབ། བསྡུས་གྲྭའི་ཟིན་བྲིས། ཕྲད་ངོས་འཛིན་སོགས་སུམ་ཅུ་བའི་སྔོན་འགྲོ་དེབ་གཅིགསུམ་ཅུ་བའི་སློབ་དེབ། རྟགས་འཇུག་གི་སློབ་དེབ།     དེ་གཉིས་ཀྱི་ཟུར་འདེབས། སྙན་ངག་སློབ་དེབ། བསྡུས་ཆེན།  བློ་རྟགས། ས་ལམ་དང་གྲུབ་མཐའ། བཟོ་རིག་སློབ་དེབ་དང་། གསོ་རིག་སློབ་དེབ། ད་དུང་དབྱིན་ཡིག་གི་རྨང་གཞིའི་སློབ་དེབ་བཅས་ཡོད་ལ། རྒྱ་ཡིག་དང་རྩིས་རིག་གློག་ཀླད་སོགས་རྒྱལ་ཁབ་ཀྱི་གཏན་འབེབ་སློབ་དེབ་ལྟར་འགྲོ་བཞིན་ཡོད་པའི་སྟེང་དུ་ད་དུང་རྒྱའི་གནའ་བོའི་གཞུང་ལུགས་ལས་སློབ་མའི་བསླབ་བྱ་དང་། འབྲུ་གསུམ་བསྟན་བཅོས་སོགས་ཀྱང་ཁྲིད་བཞིན་ཡོད་པས། སློབ་དེབ་གང་ཡིན་ཡང་སློབ་མའི་བློ་ཁ་དང་འཚམ་ལ། གཞུང་དོན་མཐར་ཆགས་སུ་ཡོད་པས་སློབ་མར་འཛིན་བདེ་གོ་སླའི་ཁྱད་ཆོས་ཕུན་སུམ་ཚོགས་པོ་ཡོད། 

        སློབ་གྲྭ་འདིས་གནའ་བོའི་སྲོལ་རྒྱུན་གྱི་ལུགས་ལྟར་སྦྱང་བྱ་གང་ཡིན་གྱི་རྩ་སྡོམ་དང་དེའི་འགྲེལ་བ་ལྟ་བུའི་ཟིན་བྲིས་གང་ཡོད་དཔེ་ཐོག་ནས་མ་བསྐྱུར་བར་བློར་འཛིན་པ་དང་། བློར་བཟུང་ཟིན་པ་རྣམས་ཉིན་རེ་བཞིན་ཕྱི་དྲོར་འཛིན་གྲྭ་རང་རང་གི་སློབ་ཁང་མདུན་ནས་སྐྱོར་དགོས་ལ། ཚིག་དོན་ལ་ངེས་པ་འདྲེན་སླད་ཉིན་རེ་བཞིན་སྔ་ཕྱི་གཉིས་སུ་རྩོད་པ་བྱས་ཏེ་གོ་རིགས་ཟུང་འབྲེལ་དང་། 

        བསམ་གཞིག་གི་ནུས་པ་ཇེ་མཐོར་གཏོང་བཞིན་ཡོད། ད་དུང་རྒྱ་ཡིག་དང་དབྱིན་ཡིག གློག་ཀླད་དང་རྩིས་རིག་སོགས་དེང་རབས་ཀྱི་འགྲོས་ལྟར་སློབ་ཅིང་། སློབ་པ་དང་སྦྱོང་བ་ཟུང་འབྲེལ། གནའ་རབས་དང་དེང་རབས་ཟུང་འབྲེལ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བཅས་ཀྱི་ལམ་དུ་བསྐྱོད་དེ་ཉམས་མྱོང་དང་གྲུབ་འབྲས་གང་འཚམ་རེ་བླངས་དང་ལེན་བཞིན་ཡོད། 

སློབ་གྲྭ་འདིས་དགེ་རྒན་ལ་རེ་བ་འདི་འདྲ་ཞིག་འདོན་གྱིན་ཡོད་དེ། རང་ཉིད་སློབ་གྲྭ་འདི་དང་ལས་རིགས་འདི་ལ་སྤྲོ་སྣང་ཡོད་པའི་ཆ་རྐྱེན་འོག་ཡོན་ཏན་གྱི་ཆུ་ཚད་ནི་རང་གི་ཁྲིད་བྱའི་གཞུང་ལ་འདྲིས་ཆ་ཆེ་བ་དང་། ལྷག་བསམ་རྣམ་དག་ཡིན་པ། དེ་བས་ཀྱང་བསམ་བློ་དང་ཀུན་སྤྱོད་གཙང་མ་ཞིག་ལ་རེ་བ་འཛིན་གྱིན་ཡོད་པས། ནམ་རྒྱུན་དགེ་རྒན་གསར་བ་རེ་ནང་དུ་ལེན་སྐབས་ཀྱང་ཕྱོགས་མང་བོ་ནས་ཉམས་མྱོང་རྒྱུས་ལོན་བྱེད་ཀྱིན་ཡོད། 

       སློབ་མ་ལ་རྒན་གཞོན་གྱི་ཚད་བཀག་མེད་ལ། གྲོང་སྐྱ་སེར་གྱི་ཚད་བཀག་མེད་པར་མ་ཟད། གྲུབ་མཐའ་གསར་རྙིང་དང་། མི་རིགས་གང་ཡིན་གྱི་ཚད་བཀག་ཀྱང་མེད་པས། བན་བོན་གཉིས་ཀྱིས་མཚོན་པའི་བོད་གངས་ཅན་གྱི་གྲུབ་མཐའ་གསར་རྙིང་ཐམས་ཅད་ནས་ཡོང་བའི་སློབ་མ་སེར་སྐྱ་གཉིས་ཀ་ཡོད་ལ། ནང་སོག་ནས་ཡོང་བའི་སོག་པོ་དང་རྒྱ་རིགས་ཀྱང་ཡོད། དེ་བཞིན་དུ་བླ་སྤྲུལ་སྣ་ཚོགས་ཀྱང་ཆེས་ཕལ་བའི་བརྟུལ་ཞུགས་བཟུང་སྟེ་སློབ་གཉེར་ལ་འབད་ཀྱིན་ཡོད་པས། འདྲ་མཉམ་དང་འཆམ་མཐུན་གྱི་ཁོར་ཡུག་གཙང་མ་ཞིག་ཡིན། 

       སློབ་གྲྭ་འདི་ལ་ཞིབ་ཚགས་ཅན་གྱི་སྒྲིག་ལམ་དང་། སྒྲིག་ལམ་འཛིན་པའི་སྡེ་ཁག་ཀྱང་སློབ་བུ་ཚོགས་པ་དང་བདེ་སྲུང་ཚོགས་པ། སློབ་གླིང་ལྗང་སྒྱུར་ཚན་ཆུང་དང་། སྤྱི་གཉེར་ཚན་ཆུང་། དེ་བཞིན་དུ་ཐ་སྙད་རྩོམ་སྒྲིག་ཚན་ཆུང་བཅས་ཚན་ཆུང་མང་བོས་རང་རང་གི་ས་ན་སྐབས་སུ་བབས་པའི་སྒྲིག་ལམ་དང་ཀུན་སྤྱོད། སློབ་སྦྱོང་སོགས་ལ་དང་དོད་ལྷོད་མེད་གནང་གིན་ཡོད་པས། བཟང་བོར་དུས་ལྟར་བསྔགས་བརྗོད་བྱ་དགའི་བདག་རྐྱེན་དང་། ངན་པར་དུས་ལྟར་ཆད་པ་དང་སློབ་གསོ་སོགས་བཏང་སྟེ་ཚར་གཅོད་རྗེས་འཛིན་གང་འཚམ་བྱེད་བཞིན་ཡོད་ལ། བསམ་སྤྱོད་ངན་པའི་རིགས་ལ་དམིགས་བསལ་སློབ་གསོ་དང་ཆད་པ་སོགས་གང་འཚམ་བཅད་ཀྱང་བཅོས་སྒྱུར་མི་གཏོང་བའི་རིགས་དེ་སྐབས་འགར་སློབ་གྲྭ་ནས་གནས་དབྱུང་གཏོང་བཞིན་ཡོད། དཔེར་ན་དུ་ཆང་ལ་ལན་མང་བོར་སྤྱོད་པ་དང་། རྐུ་དང་འཁོན་འཛིང་བྱེད་པའི་རིགས་དེ་འཕྲལ་མར་གཙང་སེལ་བྱེད་ཀྱིན་ཡོད་པས། སློབ་གྲྭའི་ཁོར་ཡུག་དེ་ནམ་ཡང་གཙང་སང་ངེ་བའི་སྣང་བ་ཞིག་འབྱུང་སྟེ། ནམ་རྒྱུན་གཟའ་འཁོར་རེ་བཞིན་གཞན་གྱི་དངོས་པོ་རྩ་ཆེན་རྙེད་ཀྱང་སྒེར་གྱིས་བདག་འཛིན་མཁན་མེད་པར་ཐམས་ཅད་གཟའ་མཇུག་ལ་དགེ་སློབ་འཚོགས་པའི་དབུས་སུ་རང་རང་གི་བདག་པོར་ཕྱིར་སྤྲོད་པའི་སྲོལ་བཟང་ཉམས་པ་མེད་པར་གནས། སྐབས་འགར་སྒོར་མོ་སྟོང་ཕྲག་ཁ་ཤས་སོགས་ཕྱིར་སྤྲོད་མཁན་གང་མང་ཡོད་ཀྱང་དེ་ནི་རྒྱུན་མཐོང་ཞིག་ཏུ་གྱུར་ཡོད་པས། སློབ་མ་ལ་ལས་དངོས་པོ་རེ་བོར་སོང་ནའང་གཟའ་མཇུག་ལ་རྙེད་ངེས་ཡིན་ཞེས་རྩད་གཅོད་ཀྱང་མི་བྱེད་པའི་གོམས་གཤིས་ཤིག་ཆགས་ཡོད། 

སློབ་གླིང་འདི་ན་དེང་སྐབས་འཛམ་གླིང་སྟེང་མཐོང་དཀོན་པའི་ལྟད་མོ་འདི་དག་ལས་གཞན་ད་དུང་ཆེས་གླེང་རིན་ཡོད་པ་ནི་དགེ་སློབ་ཀྱི་མཛའ་བརྩེ་དང་། དད་དམ་གཙང་མ་དེ་

རེད།

        ད་དུང་སློབ་གླིང་འདི་གའི་དགེ་རྒན་མང་ཤོས་ལ་ཟླ་ཕོགས་མེད་པར་ཡུན་རིང་ཕྱག་ལས་གནང་མཁན་གྱི་དང་བླང་བ་དང་སློབ་མ་ཚོ་སུ་ཡིན་ཡང་རང་གི་དགེ་རྒན་ལ་དགའ་ཞིང་མི་རིགས་ལ་དུང་བ། རིག་གཞུང་ལ་ཤ་ཚ་བའི་གཤིས་བཟང་ཤ་སྟག་ཡིན་པས། དགེ་སློབ་ཀྱི་དུང་བ་དང་སློབ་སྦྱོང་གི་འབྲས་བུ་སོགས་ཀྱང་ལྟོས་འཇོག་གིས་བཤད་ན་ཧ་ཅང་ཕུན་སུམ་ཚོགས་པའི་ཚད་ལ་སླེབས་ཡོད། འོན་ཀྱང་དམངས་གླུ་ཞིག་ཏུ་ཤིང་སྐྱེས་སྐྱེས་ཚང་མ་ཙན་དན་ཡིན།།ཟེར་བ་ལྟ་བུ་ཞིག་ཀྱང་མ་ཡིན་ཏེ། སློབ་གླིང་འདི་ནས་སློབ་སྦྱོང་གི་དཀའ་ངལ་མི་བཟོད་ཅིང་། སྒྲིག་ལམ་དང་ཀུན་སྤྱོད་དང་ལེན་བྱེད་མ་ཐུབ་པར་སློབ་བྱོལ་བྱེད་མཁན་ཡང་ཡོད་ལ། སློབ་གླིང་འདི་ནས་སློབ་མཐར་ཕྱིན་རྗེས་རྩོམ་ཡིག་འདྲ་མིན་སྣ་ཚོགས་བྲིས་ཏེ་རང་ཉིད་ད་དུང་ནར་སོན་མེད་པ་གསལ་བསྒྲགས་བྱེད་མཁན་ཡང་རེ་གཉིས་ཡོད་མོད། ལྟོས་འཇོག་གིས་བཤད་ན་དེ་འདྲའི་རིགས་དེ་མཐར་ཕྱིན་སློབ་མའི་གྲངས་ཀ་དང་བསྡུར་ཚེ་སྟོང་ཐམ་པའི་ནང་ན་གཅིག་དང་གཉིས་ཡིན་པས་ཡོད་ཆོག་ཆོག་ཅིག་རེད།

        ད་དུང་སློབ་གླིང་འདི་ན་སློབ་སྦྱོང་བྱེད་ཐབས་ཁྱད་པར་བ་ཞིག་ཡོད་པ་ནི་རྩ་བ་བློར་འཛིན་ཅིང་འགྲེལ་བར་ཞིབ་ཆ་ཐོན་པ། གཞུང་གང་ཡིན་ཡང་མཐར་ཆགས་སུ་སློབ་པ་དང་། གང་བསླབ་མཐའ་དག་རིགས་པའི་ལམ་ནས་རྟགས་གསལ་གཏོང་ཞིང་གོ་བའི་ལམ་ནས་ཚིག་དོན་ལ་དཔྱད་པ་སོགས་གོ་རིགས་ཟུང་དུ་སྦྲེལ་ཡོད། སློབ་གླིང་འདིས་སློབ་མར་ལས་བྱ་མང་བོ་མིའཇོག་ལ། རྟག་པར་ལུས་རྩལ་འགྲན་སྡུར་དང་རིག་རྩལ་འཁྲབ་སྟོན་སོགས་སློབ་སྦྱོང་ལས་རྩེད་མོ་མང་བ་ལྟ་བུའི་སྣང་བ་འབྱུང་།

       སློབ་གླིང་འདི་ནས་སློབ་མ་ཚོས་རང་རང་གི་ནུས་པ་གང་ཡོད་རྩལ་དུ་འདོན་ཆོག་པས། གལ་ཏེ་སློབ་མར་ནུས་པ་ཡོད་ན་སློབ་གླིང་གིས་ཀྱང་དེ་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བླ་མེད་གནང་བས། སློབ་མ་ཞིག་ལ་མཚོན་ན་ཡང་རང་གི་སེམས་སུ་མ་ཡུམ་སློབ་གླིང་ནི་རང་གི་རྟག་བརྟན་གྱི་རྒྱབ་རི་ཞིག་ཡིན་པའི་བསམ་པ་བཟུང་ཡོད།

རྩོམ་འབྲི་བ།  གྱི་ལིང་འཇིགས་མེད།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-27 ལྟ་ཀློག (15037)