གཉེར་བ་དགེ་འདུན་ཕུན་ཚོགས།

དགེ་འདུན་ཕུན་ཚོགས།

     གཉེར་བ་དགེ་འདུན་ཕུན་ཚོགས་ལགས་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཆེས་ཐོག་མའི་གཉེར་བ་ཡིན་ལ།  དགེ་རྒན་འཇིགས་མེད་རྒྱལ་མཚན་དང་དཔུང་བ་མཉམ་གཤིབ་ཀྱིས་དཀའ་སྡུག་གི་ལོ་ཟླ་རིང་མོ་སྙིང་སྟོབས་ཀྱིས་བསྐྱལ་བའི་མི་སྣ་སྐུ་དྲིན་ཅན་ཞིག་ཀྱང་ཡིན།  ཁོང་ནི་སྤྱི་ལོ་༡༩༦༨ལོར་རྨ་ཆེན་ཆུ་བ་ནས་སྐྱེས་ཤིང་།  ༡༩༨༥ལོར་རྭ་རྒྱ་དགོན་པ་ནས་རབ་ཏུ་བྱུང་།   ༡༩༩༤ལོ་ནས་༢༠༠༨ལོའི་བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་གཉེར་བ་དང་དགེ་རྒན་འཇིགས་མེད་ཀྱི་རླངས་འཁོར་ཁ་ལོ་བའི་འགན་གཅིག་ལྕོགས་སུ་ཁུར།   ཁོང་ནི་སྨྲ་བ་ཉུང་ཞིང་རང་བཞིན་དྲང་ལ།   སློབ་གྲྭའི་ལས་དོན་གང་ཅིར་བློ་སེམས་ཤིན་ཏུ་དཀར་བས་དགེ་སློོབ་ཀུན་གྱིས་བརྩི་བཀུར་དང་གདེང་འཇོག་མཐོན་པོ་བྱས།   ཁོས་བཤད་རྒྱུར།  ང་ནི་དགེ་རྒན་འཇིགས་མེད་ཚང་གི་སློབ་མ་མིན་མོད།  འོན་ཀྱང་ཁོང་ནི་ངའི་ཕ་དྲིན་ཆེན་གྱི་ཨ་མཆོད་ཡིན་པས་ངེད་གཉིས་བར་ན་ཆོས་འབྲེལ་ཟབ་མོ་ཡོད།  དེའི་རྐྱེན་གྱིས་ང་རང་དགེ་རྒན་ཚང་ལ་དད་གུས་གཞན་དང་མི་འདྲ་བ་ཡོད་ཟེར།དངོས་གནས་ཁོས་དགེ་རྒན་འཇིགས་མེད་ཀྱི་དོན་དུ་རང་སྲོག་འདོར་དགོས་ཀྱང་འདོར་ངེས་པ་དགེ་སློབ་ཀུན་ལ་གསལ།   དགེ་རྒན་ཡོན་ཏན་ཚང་གིས་ཀྱང་།   དགེ་འདུན་ནི་སློབ་གྲྭ་དང་དགེ་རྒན་ཀུན་ལ་ཤ་ཚ་བར་མ་ཟད།   ལྷག་ཏུ་ཡང་དགེ་རྒན་འཇིགས་མེད་ཚང་ལ་བློ་གཅིག་སེམས་གཅིག་གིས་ཞབས་ཞུ་སྒྲུབ་མཁན་ཞིག་ཡིན་ཟེར།


རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར།   འབའ་སྣང་གྲོལ།    ཨ་བུ་འབྲོང་།

རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (4998)