སློབ་གཙོ་གཞོན་པ་ཟུར་བ་དགེ་རྒན་བཟོད་པ་བཟང་བོ་ངོ་སྤྲོད་མདོར་བསྡུས།


        གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་བཟོད་པ་བཟང་བོ་ནི་སྤྱི་ལོ་༡༩༩༤ལོ་ནས་༡༩༩༩ལོའི་བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་བསླབ་བྱ་ཡོངས་ལ་སློབ་གཉེར་བྱས་ཏེ་སློབ་མཐར་ཕྱིན་པ་དང་།   སློབ་སྦྱོང་བྱེད་སྐབས་སྔ་ཕྱིར་གསུམ་བཟང་སློབ་མ་ཐེངས་འགར་ཐོབ་པར་མ་ཟད།   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐེངས་དང་བོའི་ཕུལ་བྱུང་སློབ་མའི་མཚན་སྙན་ཡང་ཐོབ་མྱོང་།   ༡༩༩༩ལོར་སློབ་མཐར་ཕྱིན་རྗེས་སླར་ཡང་རང་དགོན་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་ཚོགས་དང་ཆོས་གྲྭར་མུ་མཐུད་དུ་འགྲིམས།   
༢༠༠༠ལོར་སེ་ར་ཐེག་པ་ཆེན་པོའི་གླིང་དུ་ནང་བསྟན་ཚད་མ་རིག་པའི་གཞུང་ལ་རང་ནུས་ཀྱིས་སློབ་གཉེར་བྱས།   དེ་རྗེས་ས་རཱ་མཐོ་རིམ་སློབ་གཉེར་ཁང་ནས་ལོ་གཉིས་དང་ཕྱེད་ཀར་སློབ་གཉེར་བྱས་ཏེ་སློབ་མཐར་ཕྱིན།  
༢༠༠༦ལོའི་དགུན་ཁར་ཕྱིར་ཕ་ཡུལ་དུ་འབྱོར།   ༢༠༠༧ལོ་ནས་མ་ཡུམ་སློབ་གླིང་སྟེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དགེ་རྒན་གྱི་ལས་འགན་ཁུར།   ༢༠༠༨ལོར་ཤེས་རིག་ནོར་བུའི་སློབ་གླིང་གི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་ཅིང་ལོ་དེར་སླར་ཡང་རྨ་ཆེན་རྫོང་སློབ་གསོ་ལས་ཁུངས་ཀྱིས་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་གནང་།   སྔ་ཕྱིར་སུམ་རྟགས་དག་གསུམ་དང་སྙན་ངག  བསྡུས་གྲྭ།    བློ་རྟགས།   གྲུབ་མཐའ་སོགས་ཀྱི་སློབ་ཁྲིད་བྱས་པར་མ་ཟད། འཛིན་བདག་དགེ་རྒན་དང་།   སྤྱི་གཉེར་ཁང་གི་འགན་གཙོ།  ཨ་མྱེས་ཁྲ་རྒན་རིག་གནས་ཁམས་བསང་གླིང་གི་ལས་འཛིན་དཔོན།  སློབ་མའི་མལ་ཁང་དོ་དམ་པ། ཤེས་རིག་ནོར་བུའི་གླིང་གི་དཔེ་མཛོད་འགན་འཛིན་པ་སོགས་ཀྱི་ལས་འགན་གང་མང་ཁུར་མྱོང་།
༢༠༡༤ལོ་ནས་༢༠༡༩ལོའི་བར་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྟོན་སློབ་གཙོ་གཞོན་པའི་ལས་འགན་ལོ་ལྔའི་རིང་ཁུར།
༢༠༡༩ལོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཆེས་མཐོའི་དབུ་བཞུགས་ལྷན་ཚོགས་སུ་བདམས་ཐོན་བྱུང་སྟེ་མུ་མཐུད་བྱ་བར་ཧུར་བརྩོན་བྱེད་བཞིན་ཡོད།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (14549)